སྐབས་༤ པའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་ཆེན།

དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་རྒྱུན་ལས་ནང་གཞོན་སྐྱེས་མང་ཙམ་ཡོང་ཐུབ་པའི་ཁོར་ཡུག་སྐྲུན་རྒྱུ་གལ་ཆེ་སྐོར་ཚོགས་གཙོ་སྤེན་པ་ཚེ་རིང་གིས་གསུང་སོང་།

ཟླ་༥ ཚེས་༡༦ ཉིན་ སྐབས་༤ དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་ཆེན་གྱི་མཛད་སྒོ་དེ་དྷ་ས་སྟོད་སྐྱིད་ཚོགས་ཁང་དུ་འཚོགས་སོང་།

སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ཕེབས་ཡོད་པ་དང་། གཞན་ཡང་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་གཙོས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་། ཕྱོགས་མཐའ་ཁག་ནས་ཕེབས་པའི་དབུ་མའི་ལམ་ལས་འགུལ་ཁང་གི་ཚོགས་མི་བཅས་ཁྱོན་མི་གྲངས་༧༠ ལྷག་ཚོགས་བཞུགས་བྱས་ཡོད་པ་རེད།

ཐོག་མར་སྐུ་མགྲོན་གཙོ་བོས་སྣང་གསལ་མར་མེ་ཞལ་འབྱེད་གྲུབ་རྗེས། ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ་དང་། བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ཆེད་དུ་མྱ་ངན་གུས་འདུད་སྐར་མ་གཅིག་ཞུས་སོང་།

དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་སྤྱི་ཁྱབ་འགན་འཛིན་སྤྲུལ་སྐུ་འཇམ་དབྱངས་ཡོན་ཏན་གྱིས་ཚོགས་ཆེན་ངོ་སྤྲོད་དང་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་བྱུང་རིམ་གསུང་བཤད་གནང་ཡོད་པ་རེད།

དབུས་རྒྱུན་ཚེ་རིང་སྲི་ཐར་གྱི་ལས་འགུལ་ཁང་གི་ལས་བསྡོམས་སྙན་སྒྲོན་དང་། འགན་འཛིན་གཞོན་པ་སྤྱི་ཟུར་ཡོན་ཏན་རྒྱ་མཚོས་རྩིས་ཁྲ་སྙན་སྒྲོན་བྱས་སོང་།

སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་མཛད་སྒོ་དང་འབྲེལ་བའི་གནང་སྐབས། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ནས་ཕན་ཚུན་གུས་བརྩི་བྱེད་རྒྱུ་གལ་ཆེན་ཡིན་ཚུལ་དང་། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་རྒྱུན་ལས་ནང་གཞོན་སྐྱེས་མང་ཙམ་ཡོང་ཐུབ་པའི་ཁོར་ཡུག་སྐྲུན་རྒྱུ་གལ་ཆེ་སྐོར་སོགས་གསུངས་སོང་།

སྤྱི་ཁྱབ་འགན་འཛིན་གཞོན་པ་སྤྱི་ཟུར་ཡོན་ཏན་རྒྱ་མཚོས་ཐུགས་རྗེ་ཆེ་ཞུས་གསུང་བཤད་གནང་རྗེས་མཛད་སྒོ་གྲོལ་བ་དང་། ཚོགས་ཆེན་ཉིན་༣ རིང་འཚོག་གི་ཡོད་པ་རེད།། གསར་འགོད་པ་ངག་དབང་ཐར་པ།