སྐབས་དང་པོའི་བོད་ཀྱི་མཛངས་པ་འགྲན་སྡུར་གྱི་གཟུགས་བྱད་འགྲན་སྡུར།

ཟླ་འདིའི་ཕྱི་ཚེས་༢༦ གི་ཉིན་རྒྱབ་ཆུ་ཚོད་༡༢ དང་སྐར་མ་༢༦ ཐོག དྷ་སའི་ཉེ་འཁྲིས་ནོར་བུ་གླིང་ཁའི་ས་མཐོའི་གྲོང་གསེབ་ཀྱི་གསོལ་མགྲོན་ཁང་(Highland Village Resort)ཞེས་པའི་རྐྱལ་རྫིང་དུ། སྐབས་དང་པོའི་བོད་ཀྱི་མཛངས་པ་འགྲན་སྡུར་གྱི་གཟུགས་བྱད་འགྲན་བསྡུར་བྱས་སོང་།

གཟུགས་བྱད་འགྲན་སྡུར་གྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཟུར་པ་དང་སློབ་སྟོན་པ་རོམ་སི་ཝ་རོབ་དང་། དམིགས་བསལ་སྐུ་མགྲོན་དྷ་སའི་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་གཉིས་ཀྱིས་དབུས་པའི་གཟུ་དཔང་བཞི་དང་མང་ཚོགས་བཅས་འཛོམས་འདུག
ཐོག་མར་ལས་རིམ་གཙོ་སྐྱོང་བ་དབང་ཕྱུག་གིས་སྐུ་མགྲོན་དང་གཟུ་དཔང་བཞི་ངོ་སྤྲོད་བྱས་རྗེས་སྐབས་དང་པོའི་བོད་ཀྱི་མཛངས་པ་འགྲན་སྡུར་གྱི་འཛུལ་ཞུགས་མི་སྣ་བྷིར་གཞིས་ཆགས་ནས་ཡིན་པའི་སྐར་མ་མཐུ་སྟོབས་དང་། དྷ་ས་ནས་ཡིན་པའི་བློ་བཟང་ཆོས་འཕེལ། ལྷོ་ཕྱོགས་བྷེང་ལོར་གྲོང་ཁྱེར་ནས་ཡིན་པའི་ཉི་མ་དང་ཚེ་རིང་ཆོས་འཕེལ། ཧོན་སུར་རབ་རྒྱལ་གླིང་ནས་ཡིན་པའི་བསྟན་འཛིན་བློ་ལྡན་བཅས་ཀྱིས་རྐྱལ་གོས་གྱོན་ནས་གཟུགས་བྱད་ངོམ་བཞིན་རྐྱལ་རྫིང་ལ་བསྐོར་བ་ཐེངས་རེ་བསྐོར་རྗེས། སྡིངས་ཆའི་ཐོག་ནས་བརྗིད་ངོམ་དང་གཟུགས་སྟོབས་ངོམ་སོང་། དེ་རྗེས་ཚང་མས་མཉམ་དུ་རྐྱལ་རྫིང་ལ་བསྐོར་བ་གཅིག་བརྒྱབས་རྗེས་མཉམ་དུ་གཟུགས་བྱད་ངོམ་སོང་།

ལས་རིམ་གཙོ་སྐྱོང་བ་དབང་ཕྱུག་གིས་བརྗོད་པ་ལྟར་ན། ཐོག་མའི་ཆར་བོད་ཀྱི་མཛངས་པ་འགྲན་སྡུར་གྱི་ཆེད་དུ་ཧིན་སྒོར་འབུམ་༡༩ ཡི་འགྲོ་སོང་གི་སྔོན་རྩིས་ཡིན་ཡང་། ད་ཆ་འབུམ་༢༤ ཡས་མས་གཏོང་དགོས་པ་ཆགས་ཀྱི་ཡོད་ཀྱང་བོད་ཀྱི་མཛངས་པ་འགྲན་སྡུར་གྱི་ཆེད་དུ་ཡིན་སྟབས་གཏོང་གི་ཡོད་སྐོར་དང་། ད་ལྟའི་ཆར་མཐའ་མའི་འགྲན་སྡུར་ནང་མི་༥ འཛུལ་ཞུགས་ཐུབ་ཡོད་ཀྱང་། སྐབས་རྗེས་མའི་ནང་བོད་ཀྱི་ན་གཞོན་ཚོས་འཕྲོད་བསྟེན་གཅེས་ཉར་གནང་བའི་ཐོག་ནས་འཛུལ་ཞུགས་བྱེད་མཁན་༥༠ ལས་ལྷག་ཡོང་ཐུབ་པའི་རེ་བ་ཡོད་སྐོར་དང་། མང་ཚོགས་ནས་རྒྱབ་སྐྱོར་གནང་བའི་རེ་སྐུལ། བོད་ཀྱི་མཛངས་པ་འགྲན་སྡུར་གྱི་གོ་སྒྲིག་པས་ནམ་རྒྱུན་ནས་ན་གཞོན་རྣམས་ལ་ལས་ཀ་གསར་སྐྲུན་དང་། སྡིངས་ཆ་གསར་བསྐྲུན་བྱེད་བཞིན་ཡོད་འདུག

དེ་རིང་དགོང་མོ་ཆུ་ཚོད་༧ པའི་ཐོག་བོད་ཀྱི་ཟློས་གར་ཚོགས་ཁང་དུ་གདན་འདྲེན་ཞུས་པའི་གཞས་པ་ཚོས་འཁྲབ་སྟོན་དང་། འཛུལ་ཞུགས་པའི་བར་ཕྱི་ལུགས་ཀྱི་གྱོན་ཆས། ཐུན་མིན་བོད་ཀྱི་ཆས་གོས། པར་བྱད་རྫིགས་པོའི་འགྲན་སྡུར་བཅས་བྱ་རྒྱུ་ཡིན་འདུག དེ་བཞིན་ཚེས་༢༧ ཉིན་རིག་རྩལ་འགྲན་སྡུར་དང་། གཟུ་དཔང་པའི་དྲི་བར་ལན་འདེབས་ཀྱི་འགྲན་བསྡུར་དང་། ཚེས་༢༨ ཉིན་མཐའ་མའི་འགྲན་སྡུར་དང་གྲུབ་འབྲས་གསལ་བསྒྲགས། གཞན་ཡང་གཞས་སྣ་འཁྲབ་སྟོན་བྱེད་ཀྱི་ཡོད་པ་རེད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།