སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་འཕར་མ་དེ་ཕྱི་ཟླ་ ༥ ཚེས་ ༢༠ ལ་འཚོགས་གཏན་འཁེལ་འདུག 

ཚོགས་དྲུང་ལས་ནས་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་འཕར་མ་དེ་ཟླ་རྗེས་མའི་ཚེས་ ༢༠ ཉིན་ལས་དུས་ཉིན་གྲངས་གཅིག་ལ་འཚོགས་གཏན་འཁེལ་བའི་གསལ་བསྒྲགས་གནང་འདུག 

ཕྱི་ཟླ་ ༤ ཚེས་ ༢༧ ཉིན་བཏང་བའི་གསལ་བསྒྲགས་དེའི་ནང་། “བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ཞེ་གཅིག་པའི་ནང་གསལ་ལྟར་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འཕར་མ་ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༠ རེས་གཟའ་ཕུར་བུ་ཉིན་ལས་དུས་ཉིན་གྲངས་གཅིག་རིང་བཞུགས་སྒར་སྤྱི་ལྷན་གྲོས་ཚོགས་ཚོགས་ཁང་ནང་ཚུགས་གཏན་འཁེལ་སོང་ན། ཚོགས་མི་རྣམས་དུས་ཐོག་ཚོགས་བཅར་ཐོག་སྤྱི་འཐུས་རྣམ་པས་ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༡༩ ཉིན་ཚོགས་དྲུང་ལས་ཁུངས་སུ་ངོ་བཅར་འབྱོར་ཐོ་འགོད་གནང་དགོས་”ཞེས་བཀའ་ཁྱབ་བཏང་འདུག 

ཉིན་གྲངས་གཅིག་ལ་འཚོགས་གཏན་འཁེལ་བའི་ཚོགས་དུས་འཕར་མ་དེའི་ཐོག ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་གསར་བསྐོ་དང་། ཁྲིམས་ཞིབ་པ་གསར་པ་རྣམས་དམ་འབུལ་བྱེད་སའི་བཅའ་ཁྲིམས་བསྐྱར་བཅོས་གཏན་འབེབས་བྱེད་རྒྱུ་ཡིན་འདུག  

ཕྱི་ཟླ་ ༣ ཚེས་ ༢༥ ཉིན་སྤྱི་འཐུས་ལྷན་ཚོགས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་དཔོན་གཞན་གཉིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འགལ་བའི་ཐོག་ནས་འཕོ་འགྱུར་གཏོང་དགོས་པའི་གཞུང་འབྲེལ་གྲོས་འཆར་ཞིག་བཏོན་པར། སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ལྷག་གིས་རྒྱབ་སྐྱོར་བྱས་ཏེ་མང་མོས་ཐག་གཅོད་བྱས་ཡོད། 

གྲོས་ཆོད་དེ་བཞག་ནས་ཉིན་གཉིས་ཕྱིན་པའི་རྗེས་ཏེ། ཕྱི་ཟླ་ ༣ ཚེས་ ༢༧ ཉིན་སྐབས་དེའི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་དང་། ཁྲིམས་ཞིབ་པ་གཞན་ཀརྨ་དགྲ་འདུལ་དང་བསྟན་འཛིན་ལུང་རྟོགས་གསུམ་གྱིས་“བཅའ་ཁྲིམས་དང་འགལ་མེད་”ན་ཡང་། “བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་འཕོ་འགྱུར་གཏོང་རྒྱུའི་སྐུ་དབང་ཡོད་པའི་བཅའ་ཁྲིམས་ཀྱི་དགོངས་དོན་དེ་ཡིད་ལ་བཅངས་ཏེ། དེ་རིང་གསལ་བཤད་འདི་གྲུབ་པའི་རྗེས་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་ཀྱི་ལས་འགན་བཤོལ་བ་ཡིན་”པའི་གསལ་བསྒྲགས་སྤེལ་ཡོད། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།