སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་དང་པོ་མཇུག་བསྒྲིལ་བ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་དང་པོ་དེ་དྷ་ས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཚོགས་ཁང་ནང་ཉིན་གསུམ་རིང་འཚོགས་ནས། ཟླ་འདིའི་ཚེས་༣ ཉིན་གྱི་ཕྱི་དྲོ་མཇུག་བསྒྲིལ་ཡོད་པ་རེད།

mp1_2016_6_3ཐེངས་འདིའི་གྲོས་ཚོགས་གསར་པའི་ནང་སྐབས་བཅོ་ལྔ་པའི་བཀའ་ཤག་གི་བཀའ་བློན་རྣམས་མང་མོས་འོས་འདེམས་བྱས་པ་དང་། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཆེད་ཚོགས་ཆུང་ཟུར་འཛུགས་དགོས་པའི་གྲོས་ཆོད། དེ་བཞིན་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་ཁག་ཅིག་དང་། བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་ཀྱི་བདེན་མཐའ་གསལ་ཆེད་མ་འོངས་ལས་དོན་བྱེད་ཕྱོགས་བཅས་ཀྱི་ཐོག་བགྲོ་གླེང་དང་གྲོས་ཆོད་བཞག་ཡོད་པ་རེད།

ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་གྲོས་ཚོགས་མཇུག་བསྡོམས་གསུང་བཤད་གནང་སྐབས། “གྲོས་ཚོགས་ཚོགས་དུས་འདིའི་ཐོག་སྤྱི་ཡོངས་ནས་ལས་རིམ་གང་འཚམས་གནས་ཚད་མཐོན་པོ་དང་། ལས་དོན་གལ་ཆེན་ཁག་ཅིག་བྱུང་བ་ཡོད་པ་རེད། དེ་ནི་གྲོས་ཚོགས་འཐུས་མི་རྣམས་ཀྱི་གཟི་བརྗིད་དང་། mp2016_6_3བོད་མི་ས་ཡ་དྲུག་གི་བསོད་ནམས་ཀྱི་སྟོབས་ལས་བྱུང་བ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། གྲོས་ཚོགས་ཀྱི་ལས་རིམ་ནང་བསམ་ཚུལ་མཐུན་མིན་དང་ཚིག་ཁ་ཤས་བེད་སྤྱོད་བྱེད་སྟངས་ཀྱི་ཐོག་བསམ་ཚུལ་མ་འདྲ་བ་ཡོང་གི་ཡོད་རེད། དེ་ལ་རྐྱེན་བྱས་ནས་སྤྱི་ཚོགས་ནང་དཀྲོག་རྐྱེན་མ་བཟོས་པའི་ཐབས་ཤེས་དགོས་རེད། ང་ཚོ་བོད་མི་ས་ཡ་དྲུག་གི་ལས་དོན་ག་རེ་ཡིན་ཡང་ཆོས་དང་རིག་གཞུང་། སྐད་ཡིག བསྟན་སྲིད་ཀྱི་ཞབས་འདེགས་སུ་འགྲོ་ཐུབ་པ་དགོས་རེད། ད་ཐེངས་ཀྱི་ལས་དོན་ཁག་གི་བསྟན་སྲིད་ཀྱི་ཞབས་འདེགས་སུ་འགྲོ་སོང་བསམ་གྱི་འདུག་”ཅེས་གསུངས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།