ཆོལ་ཁ་གསུམ་གྱི་བོད་མི་མང་སྤྱི་འཐུས་འོས་མིའི་བར་བགྲོ་གླེང་།

ཟླ་འདིའི་ཚེས་༡༡ ཉིན་དྷ་ས་མེག་གྷན། རྒྱ་གར་ཡུལ་སྐོར་སྤྲོ་འཆམ་པའི་ཚོགས་ཁང་དུ། མང་གཙོ་གོང་འཕེལ་ཆེད་ན་གཞོན་དང་བླངས་རུ་ཁག་གིས་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་འོས་མི་བཏོན་པ་ཁག་གི་བར་བགྲོ་གླེང་ཞིག་འཚོགས་པ་དང་། སྐབས་འདིའི་འོས་བསྡུ་ཆེན་མོའི་སྐབས་སྤྱི་འཐུས་འོས་མི་དང་མི་མང་བར་བགྲོ་གླེང་བྱས་པ་རྒྱ་གར་ནང་དང་པོ་དེ་ཆགས་ཡོད་པ་རེད།

_MG_8916དེའི་ནང་ཆོལ་ཁ་རེ་ལ་འོས་མི་བཅུ་རེ་བཏོན་ཡོད་པ་དང་། ཟླ་འདིའི་ཚེས་༡༡ ཉིན་གྱི་ཕྱི་དྲོ་འོས་མི་ཚོ་དང་མི་མང་གི་བར་བགྲོ་གླེང་ཞིག་གོ་སྒྲིག་བྱས་པའི་ཐོག་ཚོགས་བཅར་ཐུབ་པ་ཆོལ་ཁ་གསུམ་གྱི་ཁོངས་ནས། སྤྱི་འཐུས་ལས་ཐོག་ཀརྨ་ཡེ་ཤེས་དང་། གསེར་རྟ་ཚུལ་ཁྲིམས། ཤར་གླིང་ཟླ་སྒྲོན། ཨ་ཅརྱ་ཡེ་ཤེས་ཕུན་ཚོགས། ཟླ་བ་ཕུན་སྐྱིད། འཇམ་དབྱངས་བཟོད་པ་བཅས་དང་། སྤྱི་འཐུས་འོས་མི་གསར་པ་རྡོ་རྗེ་ཚེ་བརྟན། དབང་ལྡན་སྐྱབས། ངག་དབང་ཐར་པ། ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར། ལུང་རིག་བསོད་ནམ་བཅས་འོས་མི་༡༡ དངོས་སུ་མཉམ་ཞུགས་བྱས་ཡོད་པ་རེད། སྤྱི་འཐུས་ལས་ཐོག་བསོད་ནམས་རྒྱལ་མཚན་དང་། འོས་མི་གསར་པ་རྔ་པ་གངས་རི་གཉིས་བགྲོ་གླེང་ལ་ཡོང་འཆར་ཡོད་ནའང་། ཕེབས་ཐུབ་མེད་པ་དང་། དེ་མིན་གྱི་ཆོལ་ཁ་གསུམ་གྱི་འོས་མི་༡༧ ས་ཐག་རིང་བ་སོགས་ཀྱིས་ཕེབས་ཐུབ་མེད་པ་རེད།

བགྲོ་གླེང་དེའི་ཐོག་འོས་མི་སོ་སོ་སྤྱི་འཐུས་ནང་ལངས་དགོས་པའི་དམིགས་མདོར་བསྡུས་ངོ་སྤྲོད་བྱས་པ་དང་། མི་མང་གི་དྲིས་བར་ལན་འདེབས་བྱས་ཡོད་པ་རེད། གཙོ་བོ་བོད་དོན་བདེན་པ་གསལ་ཐབས་སུ་ཚང་མས་མཉམ་རུབ་ཀྱིས་ནུས་ཤུགས་འདོན་སྐོར་དང་། ཆིག་སྒྲིལ་དགོས་པ། ཁ་གཏད་གཅོག་ས་དེ་རྒྱ་ནག་ཡིན་པ་མ་ནོར་པ་དགོས་སྐོར། མ་འོངས་པར་བོད་ཀྱི་ཆབ་སྲིད་ལས་འགུལ་གྱི་ཁ་ཕྱོགས་ག་འདྲ་འཛིན་དགོས་མིན་སོགས་ཀྱི་ཐོག་བགྲོ་གླེང་བྱས་ཡོད་པ་རེད།

མང་གཙོ་གོང་འཕེལ་ཆེད་ན་གཞོན་དང་བླངས་རུ་ཁག་གིས་༢༠༠༥ ལོའི་བོད་མི་མང་སྤྱི་འཐུས་སྐབས་༡༤ འོས་བསྡུའི་སྐབས་ནས། འོས་མི་འདོན་པ་དང་། སྤྱི་ཚོགས་ནང་མང་གཙོའི་གོ་རྟོགས་སྤེལ་ཆེད་བགྲོ་གླེང་ཚོགས་པ། འོས་བསྡུའི་དེབ་སྐྱེལ་དང་འོས་འཕེན་དགོས་པའི་ལས་འགུལ་མང་ཚོགས་ཁྲོད་སྤེལ་ཡོད་པ་དང་། ཐེངས་འདིར་འོས་བསྡུའི་ཆེད་དུ་ལས་དོན་སྤེལ་འོས་བསྡུ་ཐེངས་གསུམ་པ་དེ་ཆགས་ཡོད་པ་རེད།

གོ་སྒྲིག་པའི་ངོས་ནགས་འགྲེལ་བརྗོད་གནང་བ་ལྟ་ན། རུ་ཁག་དེའི་ནང་ཆོལ་གསུམ་ཡོད་པ་མ་ཟད། བོད་མི་གནས་སྡོད་བྱེད་སའི་ས་གནས་མང་པོར་གནས་སྡོད་བྱེད་མཁན་ཡོད་པ་དང་། ཁོང་ཚོས་ཆོལ་ཁ་གསུམ་གྱི་སྤྱི་འཐུས་འོས་མིའི་སྐོར་ལ་བགྲོ་གླེང་རིམ་པར་བྱས་ཏེ། མང་མོས་དང་སྤྱི་མོས་ཀྱིས་ཐག་གཅོད་བྱས་པའི་ཆོལ་ཁ་རེ་ནས་འོས་མི་བཅུ་རེ་བཏོན་ཡོད་པ་རེད། དེ་ཡང་དོ་བདག་སོ་སོར་བཀའ་འདྲི་ཞུས་ཏེ། སྤྱི་འཐུས་ནང་དུ་ལངས་རྒྱུ་ཡིན་པ་ཁས་ལེན་གསལ་པོ་ཐོབ་ཡོད་པ་རེད།

འོས་མི་ཚོར་ཆ་རྐྱེན་དམིགས་བསལ་གང་ཡང་བཏོན་མེད་ནའང་། འབོད་སྐུལ་དོན་ཚན་གསུམ་བཞག་ཡོད་པ་ནི། ༡ ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་དང། གྲོས་ཚོགས་ནང་ཁུལ་གྱི་ཕྱོགས་རིས་མེད་པའི་ཐོག་ནས་དུས་རྟག་ཏུ་བོད་པའི་རྩ་དོན་གཙོ་བོར་བཟུང་ནས་ལས་དོན་གནང་རོགས།
༢ ཆབ་སྲིད་ལངས་ཕྱོགས་རང་བཙན་དང་དབུ་མའི་ལམ་གང་ཡིན་རུང་ངེས་ཤེས་རྙེད་པའི་ཐོག་ནས་ལངས་ཕྱོགས་འཛིན་པ་ལས། ཕན་ཚུན་གུས་བརྩི་མེད་པར་དོན་མེད་བསྙོན་འཛུགས་རིགས་མ་གནང་རོགས།
༣ བོད་པའི་མང་གཙོ་གོང་འཕེལ་གྱི་ལས་དོན་ནང་མཉམ་ཞུགས་དང། ཡར་རྒྱས་གཏོང་རྒྱུའི་ལས་དོན་གནང་རོགས་ཞེས་བསྒྲགས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།