སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་དབུ་འཛུགས།

 སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་དབུ་འབྱེད་གསུང་བཤད་ནང་། ཚོགས་གཙོ་པདྨ་མ་འབྱུང་གནས་ཀྱིས་“ང་རང་ཚོས་གྲོས་ཚོགས་སྡིངས་ཆ་འདི་བརྒྱུད། སྤྱི་ཚོགས་ནང་ལབ་རྒྱུ་གླེང་རྒྱུ་དེ་འདྲ་མེད་པ་བཟོ་དགོས་པ་དེ་ང་རང་ཚོ་ཚང་མ་ལ་འགན་ཡོད་རེད་”ཅེས་གསུངས་སོང་།  

དེ་རིང་སྟེ་ཕྱི་ཟླ་༣ ཚེས་༡༥ རེས་གཟའ་ཟླ་བའི་ཉིན་ཟླ་བ་དྲུག་ཙམ་ལ་ཕར་འགྱངས་བྱས་པའི་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་དངོས་སུ་གངས་སྐྱིད་གྲོས་ཚོགས་ཚོགས་ཁང་དུ་དབུ་འཛུགས་གནང་སོང་། 

སྤྱི་ཡོངས་ནས་བཤད་ན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཟླ་བ་དྲུག་རེའི་ནང་ཚུན་དུ་གྲོས་ཚོགས་ཐེངས་རེ་འཚོགས་དགོས་ཀྱི་ཡོད་རུང་། ལོ་སྔོན་མར་འཛམ་གླིང་ཁྱོན་ཡོངས་སུ་རྒྱ་ནག་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཤུགས་ཆེར་ཁྱབ་སྟེ་གཞུང་སྒེར་གཉིས་ཀའི་བྱེད་སྒོ་མང་པོ་ཞིག་ལ་བསམ་ཡུལ་ལས་འདས་པའི་བརྡབ་གསིག་ཕོག་པ་ལྟར། ལོ་སྔོན་མའི་ཕྱི་ཟླ་༩ ཚེས་༡༦ འཚོགས་གཏན་ཁེལ་བའི་ཚོགས་དུས་བཅུ་པ་དེའང་དེ་རིང་བར་དུ་ཕར་འགྱངས་བྱས་ཏེ་འཚོགས་ཐུབ་མེད་པ་རེད། 

ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག ཚོགས་གཙོ་པདྨ་འབྱུང་གནས་ཀྱིས་“ལོ་འཁོར་མོ་གཅིག་གི་ནང་ལ་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ནད་ཡམས་འདིའི་རྐྱེན་བྱས་ཏེ། ང་ཚོ་ཚང་མར་སྐུ་ངལ་ཞེ་དྲག་བྱུང་ཡོད་རེད། ལས་དོན་མང་པོ་ཞིག་གནང་མ་ཐུབ་པའི་གནས་བབ་དེ་འདྲ་ཆགས་པ་རེད། དེ་རིང་སྟབས་ལེགས་པ་ཞིག་ལ། ད་ལྟ་འདིར་ཚོགས་བཅར་གནང་མཁན་ཚང་མ་ལ་ཏོག་དབྱིབས་ཀྱི་ནད་རྟགས་མེད་པ་དེར་ཚོགས་གཙོ་སྦྲེལ་པོ་རེད། རྒྱུན་ལས་དེ་དག་ཚོགས་འདུ་བསྡུ་སྐོང་གནང་མཁན་ཡིན་པས་བློ་བདེ་པོ་ཞེ་དྲག་བྱུང་། དེའི་སྔོན་ལ་ང་ཚོར་སེམས་འཚབ་ཞེ་དྲག་ཡོད། དེ་རིང་གི་གནས་སྟངས་དེ་ག་རེ་འདྲ་ཞིག་ཆགས་ཡོང་། ལྷག་པར་དུ་ད་ལྟའི་དུས་ཚོད་ལ་རྒྱ་གར་ནང་ལ་ཛ་དྲག་ཏུ་འགྲོ་བའི་གནས་བབ་དེ་འདྲ་ཞིག་ཆགས་ཀྱི་འདུག དེ་འདྲ་ཡིན་པས། ད་ལྟ་ང་རང་ཚོའི་མངའ་སྡེ་ཁྱིམ་མཚེས་པཱན་ཇབ་ལ་འཕེལ་བཞིན་པའི་གནས་སྟངས་དེ་འདྲ་ཞིག་ཆགས་འདུག དེ་ཡིན་ཙང་ང་ཚོའི་གྲོས་ཚོགས་འདི་ཡང་ཉིན་གྲངས་༡༥ དེ་ཆ་ཚང་བ་ཞིག་ཡོང་གི་ཡོད་དང་མེད་དེ་ཐེ་ཚོམ་རེད་འདུག་”ཅེས་གསུངས་སོང་། 

གཞན་ཡང་། ཚོགས་གཙོའི་དབུ་འབྱེད་ཀྱི་གསུང་བཤད་ནང་། ཁོང་གིས་“ད་ལྟའི་ཆ་ལ་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་འགྲོ་བཞིན་པའི་གནས་བབ་དེ་འདྲ་ཤིག་ཆགས་བསྡད་ཡོད་རེད། དེ་སྔའི་གནས་བབ་དང་བསྟུན་པ་ཡིན་ན། ད་རེས་སྔོན་འགྲོའི་འོས་ཤོག་དེ་བཀྲ་མ་ཤིས་པ་མ་བྱུང་བའི་ཐོག་ནས་འགྲོ་ཐུབ་ཡོད། ཕྲན་བུ་རེ་བྱུང་ཡོད་རྒྱུ་རེད་མ་གཏོགས་ང་ཚོ་ལ་མི་དགོས་པ་དེ་བྱུང་མ་སོང་སྙམ་པའི་ཚོར་སྣང་བྱུང་། དེ་འདྲ་ཡིན་པས་ད་ལྟ་དངོས་གཞི་དེ་བསླེབ་ལ་ཉེ་བ་ཆགས་བསྡད་ཡོད་རེད། ང་རང་ཚོས་གྲོས་ཚོགས་སྡིངས་ཆ་འདི་བརྒྱུད་དེ་སྤྱི་ཚོགས་ནང་ལ་ལབ་རྒྱུ་གླེང་རྒྱུ་དེ་འདྲ་མེད་པ་བཟོ་དགོས་པ་དེ་ང་རང་ཚོ་ཚང་མ་ལ་འགན་ཡོད་རེད། ང་ཚོ་བཀའ་མོལ་གནང་སྟངས་ཚིག་མཐོ་དམན་ཕྲན་བུ་ལ་བརྟེན་ནས་ཡང་སྤྱི་ཚོགས་ནང་ལ་ལབ་རྒྱུ་གླེང་རྒྱུ་ཆགས་པ་ཡིན་ན། བློ་ཕམ་པའི་གནས་སྟངས་བྱེད་ཀྱི་རེད། དེ་འདྲ་ཡིན་པས་ཚང་མས་ཐུགས་འགན་བཞེས་པའི་ཐོག་ནས་གྲོས་ཚོགས་ལས་རིམ་དེ་བཀྲ་ཤིས་པའི་ངང་ནས་མཇུག་སྒྲིལ་བ་ཞིག་ཡོང་ཐབས་དེ་ཚང་མས་མཐུན་སྦྱོར་གནང་རོགས་གནང་ཞུ་”ཞེས་གསུངས་སོང་། 

སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་༡༠ པའམ་མཐའ་མ་འདི་ཕྱི་ཟླ་༣ ཚེས་༡༥  ནས་ཚེས་༣༡ བར་ཉིན་གྲངས་༡༥ རིང་འཚོགས་གཏན་འཁེལ་ཡོད་པ་དང་། དེ་རིང་སྔ་དྲོའི་དབུ་འབྱེད་ཀྱི་སྐབས་སུ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་༡༦ བཞག་དང། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་དོན་ཚན་༦ བགྲོ་གླེང་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ་དཀོན་མཆོག་རམ་བརྟན།