སྐུ་མཁྱེན་སྐུ་ངལ་གསོ་འཇུག་རོགས།

བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༠༨ ཀྱི་ཆེད་བརྗོད།

བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་དགུང་གྲངས་༩༠ ལ་ཕེབས་ཟིན་པ་དང་། ཉེ་ཆར་ཞབས་པུས་བཤའ་བཅོས་ཞུས་ནས་སྐུ་ངལ་གསོ་བཞིན་པ་རེད། ན་གཞོན་དར་མ་ཞིག་དང་མི་འདྲ་བར་དགུང་ནའི་བབས་ཀྱིས་དྲག་སྐྱེད་ཡོང་རྒྱུར་དཀའ་ངལ་མེད་པ་ཞིག་མ་རེད། དེར་བརྟེན་སྐུ་སྒེར་དྲུང་ཆེ་རྣམ་པ་དང་ཞབས་ཞུ་བ་བཅས་ཀྱིས་ཀྱང་མཇལ་ཁ་གནང་རྒྱུའི་སྐོར་ལ་དམ་དྲག་ཆེན་པོ་བྱེད་དགོས་པ་ཞིག་དང་། མཇལ་ཁ་གནང་རོགས་ཞུ་མཁན་རྣམ་པས་ཀྱང་ཨུ་ཚུགས་གཏན་ནས་ཞུ་མི་རུང་བ་ཞིག་རེད། ༧གོང་ས་མཆོག་གི་ཞབས་པུས་གཅིག་བཤའ་བཅོས་ཞུས་ཟིན་ནས་ལམ་ལྷོང་ཡག་པོ་བྱུང་ཡོད་ནའང་། ཞབས་པུས་གཞན་དེར་ཡང་བསྙུན་གཞི་ཡོད་པས་བཤའ་བཅོས་ཞུ་དགོས་མིན་དང་། ཞུ་ཐུབ་མིན་ཐོག་འཆར་གཞི་དང་གྲ་སྒྲིག་གནང་དགོས་པ་ཞིག་རེད། བཤའ་བཅོས་ཞུ་མཁན་སྨན་པ་དང་། སྐུའི་བླ་སྨན་པ་རྣམ་པས་གསལ་བསྒྲགས་གནང་བ་ལྟར། གཞིས་བྱེས་བོད་མི་ཡོངས་རྫོགས་ཅུང་བློ་བདེའི་ངང་གནས་བཞིན་ཡོད།

ཉེ་ཆར་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་མཇལ་ཁ་ཞུས་པའི་སྐུ་པར་ཞིག་སྤྱི་ཚོགས་ནང་བཀྲམ་ནས་ཁ་ཤས་ཀྱིས་གཏམ་བཟང་གི་ངོ་བོར་སྤེལ་བ་དང་། ཁ་ཤས་ཀྱིས་ཁ་རྡུང་དང་བཅས་ཏེ་སྤེལ་བ་ནི་བཙན་བྱོལ་བོད་པའི་ད་ལྟའི་ཁ་ཕྱོགས་ཤིག་ཏུ་གྲུབ་ཟིན་པས་ཧ་ལས་དགོས་པ་ཞིག་མིན་ཡང་། ༧གོང་ས་མཆོག་གི་ཞལ་རས་སྤྱི་དང་། ལྷག་པར་དུ་སྤྱན་ཡང་ཅུང་ཙམ་མི་བདེ་བ་ལྟ་བུའི་རྣམ་པ་ཞིག་མཇལ་རྒྱུ་ཡོད་པས་མང་པོ་ཞིག་གིས་སེམས་ཁྲལ་བྱེད་བཞིན་འདུག སྤྱིར་སྲིད་སྐྱོང་སྤེན་པ་ཚེ་རིང་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་དབུ་འཁྲིད་ཡིན་པས་གཞན་དང་མི་འདྲ་ཞིང་། གཞིས་བྱེས་བོད་མི་རྣམས་བློ་བདེ་བག་ཕེབས་སུ་གནས་ཐུབ་པ་ཞིག་བྱ་རྒྱུའི་འགན་འཁྲི་དམིགས་བསལ་ཞིག་ཡོད་པ་ནི་སྨྲོས་མེད་རེད། འོན་ཀྱང་འགྲེམས་སྤེལ་གནང་བའི་སྐུ་པར་དེ་བརྒྱུད་ནས་དད་ལྡན་པ་མང་པོ་ཞིག་བློ་བདེ་བག་ཕེབས་སུ་གནས་རྒྱུའི་ཚབ་ཏུ་བློ་འཚབ་སྐྱེ་དགོས་པའི་རྣམ་པའང་མཇལ་རྒྱུ་ཡོད་པས། སྐུ་པར་སྒྲོན་མཁན་དང་ཁྱབ་བསྒྲགས་བྱེད་མཁན་ཚང་མས་ཐུགས་སྣང་གནང་དགོས་ངེས་ཤིག་རེད།

ཉེ་ཆར་བདུན་ཕྲག་གཅིག་ལྷག་ཙམ་གྱི་སྔོན་ལ་སྲིད་སྐྱོང་སྤེན་པ་ཚེ་རིང་གི་མཚན་ཐོག་ནས་ཨེཀ་སི་(X)དྲ་ལམ་བརྒྱུད་དབྱིན་ཡིག་ཐོག་ཕྱིར་བསྒྲགས་ཤིག་གནང་བའི་ནང་། “ཁྱེད་རྣམ་པར་སྙན་སེང་ཞུ་རྒྱུ་ཞིག་ལ། ༧གོང་ས་མཆོག་ཁ་སང་ནས་བཟུང་མི་གཞན་གྱིས་ཕྱག་ནས་སྐྱོར་མི་དགོས་པར་རང་སྟོབས་ཀྱིས་ཞབས་གོམ་རྒྱག་ཐུབ་པའི་འགོ་ཚུགས་ཡོད།”ཅེས་སོགས་སྤེལ་འདུག་ཀྱང་། དོན་དུ་ད་དུང་དེ་ལྟ་བུར་གྱུར་མེད་པའི་གནས་ཚུལ་ཡོད་འདུག་པ་དང་། ལྷག་པར་དུ་དགའ་ལྡན་ཕོ་བྲང་གི་འབྲེལ་ཡོད་ཅིག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་ཁྱེད་ལ་གནས་ཚུལ་དེ་ལྟ་བུ་ཞིག་གང་ནས་བྱུང་། སུས་ཞུས་བྱུང་ཞེས་འདྲི་རྩད་གནང་བར། སྲིད་སྐྱོང་གིས་ཁོང་ལ་ཨ་རིའི་དོན་གཅོད་ཀྱིས་ཞུས་སྐོར་གསུངས་ཡོད་ཚུལ་འདུག་ལ། དགའ་ལྡན་ཕོ་བྲང་གི་འབྲེལ་ཡོད་ཀྱིས་ཨ་རིའི་དོན་གཅོད་ལ་དེ་ལུགས་འདྲི་རྩད་གནང་བར། དོན་གཅོད་ཀྱིས་ངས་སྲིད་སྐྱོང་ལ་དེ་ལྟ་བུའི་གནས་ཚུལ་ཞིག་ཞུ་རྒྱུ་མ་བྱུང་ཞེས་ཞུས་ཡོད་ཚུལ་སོགས་ཀྱི་གནས་ཚུལ་མང་པོ་ཞིག་ཀྱང་གོ་རྒྱུ་འདུག

༧གོང་ས་མཆོག་བཤའ་བཅོས་ཞུས་ནས་ད་བར་རྒྱ་གར་གྱི་གཞུང་ཚབ་ཆེན་མོར་མཇལ་ཁ་གནང་ཡོད་པ་ལས། གཞན་ཞབས་ཞུ་བ་རྣམ་པ་མ་གཏོགས་ཕྱི་ནང་གི་གནད་ཡོད་མི་སྣ་སུ་གང་ལ་མཇལ་ཁ་གནང་མེད་པའི་སྐབས་འདིར། སྲིད་སྐྱོང་སྤེན་པ་ཚེ་རིང་གིས་མཇལ་ཁ་གནང་རོགས་ཞུ་འོས་པ་ཞིག་ཏུ་གྱུར་མེད། སྲིད་སྐྱོང་ས་གནས་གང་སར་ཕེབས་ནས་མི་མང་དང་ཐུག་འཕྲད་གནང་གཞིན་ཡོད་པས། ཉེ་ཆར་ཨ་རིའི་སྲིད་འཛིན་ལ་ཏོག་དབྱིབས་ཆམ་རིམས་ཕོག་པའི་གནས་ཚུལ་ཐོན་པ་བཞིན། ཆམ་རིམས་ཀྱི་རིགས་ཤིག་༧གོང་ས་མཆོག་ལ་ཕོག་པའི་དབང་དུ་བཏང་ན། དགུང་ནའི་བབས་དང་བཤའ་བཅོས་ཞུས་མ་ཐག་ཡིན་པས། སུས་ཀྱང་འགན་བཟོད་ཐབས་མེད་པའི་གནས་ཚུལ་ཞིག་ཏུ་གྱུར་ཡོད། ཉེ་སྔོན་དགའ་ལྡན་ཕོ་བྲང་དང་སྨན་པ་རྣམ་པས་ཕྱིར་བསྒྲགས་གནང་བ་དང་། འཁྲུངས་སྐར་ཉིན་༧གོང་ས་མཆོག་གི་བརྙན་ཐུང་ཕྱིར་བསྒྲགས་གནང་བ་བཅས་ཀྱིས་མི་མང་བློ་བདེ་བག་ཕེབས་སུ་གནས་ཡོད་པས། ད་དུང་ཕྱི་ནང་གི་མི་རྣམས་ལ་མཇལ་ཁ་གནང་རྒྱུ་སྔ་དྲགས་འདུག་སྙམ།

མདོར་ན་༧གོང་ས་མཆོག་གི་སྐུ་མདུན་དུ་བཅར་ནས་སྐུའི་འཕྲོད་བཞེས་ལ་ཕན་ཐོགས་པ་ཞིག་ཡིན་ན་སུ་ཡིན་ཡང་བཅར་ཆོག་ཀྱང་། དེའི་ནུས་པ་ཡོད་མཁན་སྨན་པ་རྣམ་པ་ལས་གཞན་སུའང་མེད། མི་མང་བློ་བདེ་བག་ཕེབས་སུ་གནས་ཆེད་བཤའ་བཅོས་སྨན་པ་དང་། སྐུའི་བླ་སྨན་པ་རྣམ་པ། དགའ་ལྡན་ཕོ་བྲང་བཅས་ཀྱིས་དུས་ནས་དུས་སུ་སྐུ་གཟུགས་ཀྱི་གནས་སྟངས་སྐོར་ཕྱིར་བསྒྲགས་གནང་བཞིན་པ་འདིས་ཕན་ཐོགས་ཆེན་པོ་བྱུང་ཡོད་པས། མུ་མཐུད་དུ་གནང་ཐུབ་པའི་རེ་བ་ཞུ་མཁན་མང་པོ་ཡོད་ངེས་རེད། ད་སྔོན་བྱུང་ཟིན་པར་བསྐྱར་སློག་གནང་ཐབས་མེད་ཀྱང་། མུ་མཐུད་དེ་ལྟ་བུའི་གནས་ཚུལ་མི་ལྷགས་ཆེད་འབྲེལ་ཡོད་ཚང་མས་ངེས་པར་དུ་འགན་ཁུར་དགོས་པ་ཞིག་རེད། ༧གོང་ས་མཆོག་མེད་ན་བོད་དོན་ལ་ནུས་ཤུགས་མེད་པ་ཞིག་ཏུ་གྱུར་ཡོད་ཅིང་། ༧གོང་ས་མཆོག་ནི་བོད་དོན་འཐབ་རྩོད་ཀྱི་གསོན་ཤུགས་ཁོ་ནར་གྱུར་ཡོད་པ་དེ་ཚང་མས་ཤེས་གསལ་དང་། ༧གོང་ས་མཆོག་གི་སྐུ་ཕྱྭའི་ཆེད་སྒེར་གྱི་ཁེ་ཕན་དང་མཚན་སྙན་ཚང་མ་བློས་གཏོང་ཐུབ་དགོས་པ་ཞིག་རེད།།