སྐུ་ཞབས་ཇིམ་མེག་གྷོ་ཝན་གྱི་སྲས་མོ་འདས་གྲོངས་སུ་ཕྱིན་པར་སྲིད་སྤྱི་གཉིས་ནས་ཐུགས་གསོ་ཞུས།

ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་གྱི་སྲས་མོ་མཱོ་ལེ་མེག་གྷོ་ཝན་འདས་གྲོངས་སུ་ཕྱིན་པར་དཔལ་ལྡན་ཚོགས་གཙོ་དང་སྲིད་སྐྱོང་གཉིས་ཀྱིས་ཐུགསག་སོ་ཞུས་འདུག

པར། The hill

ཟླ་འདིའི་ཚེས་༡ ཉིན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Rep. Jim McGovern) གྱི་སྲས་མོ་མཱོ་ལེ་ མེག་གྷོ་ཝན་ (Molly McGovern) ་འདས་གྲོངས་སུ་གྱུར་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་ཐུགས་གསོ་ཞུས་འདུག་པ་དང་།

ཐུགས་གསོའི་འཕྲིན་ཡིག་ནང་། སྐུ་ཉིད་ཀྱི་སྲས་མོ་མཱོ་ལེ་ མེག་གྷོ་ཝན་ (Molly McGovern) ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བློ་ཕམ་ཆེན་པོ་བྱུང་། ངས་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་དང་། ནང་མི་ལྷན་རྒྱས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན་ཞེས་དང་།

སྲས་མོ་ཁོང་ནི་བྱམས་བརྩེའི་ནུས་པ་འདོན་སྤེལ་ཐུབ་མཁན་གྱི་སྐྱེས་མ་ཞིག་ཡིན། ནད་མནར་གྱི་སྐབས་སུ་སྲས་མོ་ཁོང་གིས་སྙིང་སྟོབས་ཆེན་པོས་གདོང་ལེན་གནང་སྟངས་དེ་ནི་ཚང་མ་སེམས་འགུལ་ཐེབས་དགོས་པ་ཞིག་རེད་འདུག དཀའ་སྡུག་ཆེ་བའི་དུས་སྐབས་འདིར་ང་ཚོ་བོད་མི་ཚང་མས་སྐུ་ཉིད་དང་། ནང་མི་ལྷན་རྒྱས་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན་ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲྭ་ཐོག་ཏུ་བཀོད་འདུག།

དེ་བཞིན་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ཀྱང་ཐུགས་གསོ་ཞུས་པའི་ནང་། སྐུ་ཉིད་ཀྱི་སྲས་མོ་མཱོ་ལེ་ མེག་གྷོ་ཝན་གྱིས་འབྲས་ནད་ཀྱི་རིགས་དཀོན་པོ་ཞིག་ཕོག་པར་གདོང་ལེན་གནང་བའི་སྙིང་སྟོབས་དེ་དངོས་འབྲེལ་སེམས་འགུལ་ཐེབས་པ་ཞིག་ཡིན།

 ཁོང་མོས་ནད་གཞི་དང་འཐབ་རྩོད་བྱེད་བཞིན་དུ་མུ་མཐུད་འཚོ་བར་དགའ་བསུ་ཞུས་པ་དེས་མི་ཉུང་ཤས་ཤིག་ལ་མ་གཏོགས་མེད་པའི་སྙིང་སྟོབས་དང་བཟོད་བསྲན་མཚོན་གྱི་ཡོད་པ་དང་། དཀའ་ངལ་ལ་གདོང་ལེན་བྱེད་པའི་སྐབས་ཀྱི་སྙིང་སྟོབས་ནི་མོའི་ཁྱད་དུ་འཕགས་པའི་དཔང་རྟགས་ཡིན་པ་དང་། དེ་ནི་གཏན་དུ་ང་ཚོར་སྙིང་སྟོབས་སྐྱེད་བྱེད་ཀྱི་རྒྱུ་ཞིག་ཏུ་འགྱུར་ངེས་ཞེས་དང་།

བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་ནང་ང་ཚོས་རྣམ་ཤེས་ནི་ཚེ་རབས་ནས་ཚེ་རབས་བར་དུ་མུ་མཐུད་གནས་ཀྱི་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད། དེ་བཞིན་མོའི་མཛེས་སྡུག་ལྡན་པའི་སེམས་ཉིད་མུ་མཐུད་ནས་གནས་ཡོད་པ་དང་། མོས་གཞན་ལ་སྦྱིན་པའི་བྱམས་བརྩེ་དང་དགའ་ཚོར་ནམ་ཡང་ཡལ་རྒྱུ་མེད་ཅེས་དང་། མཇུག་ཏུ་སྲིད་སྐྱོང་གིས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྨོན་ལམ་གསོལ་འདེབས་དང་། མྱ་ངན་གྱིས་མནར་བའི་ནང་མི་ཚོར་གདུང་སེམས་མཉམ་སྐྱེད་ཞུས་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་ཐོག་ཏུ་བཀོད་འདུག

གསར་འགོད་པ། བློ་བཟང་རྒྱ་མཚོ།