སྐུ་ཞབས་ཊོམ་ལ་༧གོང་ས་མཆོག་དང་མཇལ་འཕྲད་དགོས་པའི་འབོད་སྐུལ།

སྐུ་ཞབས་ཊོམ་ལ་རྒྱབ་སྐྱོར་བ་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་སེན་སེན་བྷེར་ནེར་གྱིས། ཨ་རིའི་སྲིད་འཛིན་འདེམས་ཐོན་སྐུ་ཞབས་ཌོ་ནལ་ཊོམ་གྱིས་༧གོང་ས་མཆོག་དང་མཇལ་འཕྲད་གནང་དགོས་པ་དང་། དེས་རྒྱ་ནག་ལ་ཨ་རིའི་བོད་དོན་ཐོག་རྒྱབ་སྐྱོར་ཡོད་པའི་བརྡ་ལན་ཤུགས་ཆེན་སྤྲོད་ཐུབ་སྐོར་གྱི་ཡི་གེ་ཕུལ་ཡོད་འདུག

15356049_1345750728782126_898896375_nདེ་ཡང་ཟླ་འདིའི་ཚེས་༨ ཉིན་ཌེ་ཧིལ་ཞེས་པའི་ཨ་རིའི་ཆབ་སྲིད་ཀྱི་གསར་ཤོག་དྲ་རྒྱའི་སྟེང་དུ་གནས་ཚུལ་འཁོད་གསལ། ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་སེན་སེན་བྷེར་ནེར་གྱིས་སྐུ་ཞབས་ཊོམ་ལ་ཕུལ་བའི་ཟླ་འདིའི་ཚེས་༦ ཡི་གེའི་ནང་། “ཁྱེད་རང་གིས་ཨ་རིའི་སྲིད་འཛིན་གྱི་ལས་འགན་བཞེས་པའི་གྲ་སྒྲིག་བྱེད་པའི་སྐབས། འཛམ་གླིང་གི་འགོ་ཁྲིད་མང་དག་ཅིག་དང་མཇལ་འཕྲད་གནང་ཡོད་པས། ངས་གོ་སྐབས་འདི་བཟུང་ནས་ཁྱེད་རང་གིས་ཏཱ་ལའི་བླ་མ་དང་མཇལ་འཕྲད་གནང་དགོས་པའི་བསམ་འཆར་འདོན་འདོན་འདོད་ཡོད།”ཅེས་དང་། “ལོ་༥༧ ལོའི་སྔོན་ནས་ཁོང་བོད་ནས་བཙན་བྱོལ་དུ་སླེབས་ནས་བཟུང་ནས། ཏཱ་ལའི་བླ་མས་བོད་དང་རྒྱ་ནག་བར་གྱི་དཀའ་རྙོག་དེ་ཞི་བའི་ལམ་ནས་སེལ་ཆེད་དུ་རྒྱབ་སྐྱོར་ཤུགས་ཆེན་དང་བརྟན་པོ་གནང་བཞིན་ཡོད་པ་རེད། འདས་པའི་དུས་རབས་ཕྱེད་ཀའི་རིང་། ཨ་རིས་བོད་མི་དང་བོད་གཞུང་གཉིས་ལ་འབྲེལ་ལམ་བརྟན་པོ་ཉར་ཡོད་པ་དང་། ངའི་རེ་བ་ལ་ཁྱེད་རང་གིས་འབྲེལ་བ་དེ་མུ་མཐུད་ཉར་བའི་ཐོག བོད་དང་རྒྱ་ནག་བར་ཞི་བདེ་ཡོང་བར་མཐུན་འགྱུར་གནང་རོགས་”ཞེས་བྲིས་ཡོད་འདུག

དེ་བཞིན་ཁོང་གིས་བོད་མི་རྣམས་ལ་རང་ཉིད་ཀྱི་རིག་གཞུང་དང་ཕ་གཞིས། སྐད་ཡིག ཆོས་སོགས་གཅེས་སྲུང་བྱེད་པའི་ཐོབ་ཐང་ཡོད་པ་དང་། འདས་པའི་ལོ་ཟླའི་ནང་བོད་མི་རྣམས་ཀྱིས་རྒྱ་ནག་ལས་རང་དབང་ཐོབ་ཆེད་དང་གཞི་རྩའི་ཐོབ་ཐང་དེ་དག་གཅེས་སྲུང་ཆེད་འཐབ་རྩོད་མུ་མཐུད་བྱེད་བཞིན་ཡོད་པ། འོན་ཀྱང་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མི་རྣམས་ལ་རང་སྐྱོང་སྤྲོད་འདོད་བྱེད་ཀྱི་མེད་ཁར། བོད་མིའི་ངོ་རྒོལ་དང་ཁྲོམ་སྐོར་སོགས་དྲག་གནོན་བྱེད་ཀྱི་ཡོད་པ་སོགས་ཀྱི་སྐོར་ལ་བྲིས་ཡོད་འདུག ཁོང་གིས་སྐུ་ཞབས་ཊོམ་དང་༧གོང་ས་མཆོག་གི་མཇལ་འཕྲད་ཀྱིས་རྒྱ་ནག་ལ་ཨ་རིའི་བོད་དོན་ལ་རྒྱབ་སྐྱོར་ཡོད་པའི་བརྡ་ལན་ཤུགས་ཆེན་སྤྲོད་ཐུབ་རྒྱུ་ཡིན་སྐོར་བྲིས་ཡོད་འདུག

སྐུ་ཞབས་ཇིམ་ནི་ཕྱི་ལོ་༡༩༧༩ ལོ་ནས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མིའི་ལས་འགན་ཁུར་བཞིན་པ་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།