སྐུ་ཞབས་ཊོམ་སྲིད་གཞུང་གིས་རྒྱ་ནག་ཏུ་ཨ་རིའི་གཞུང་ཚབ་པ་བསྐོ་བཞག
ཨ་རིའི་སྲིད་འཛིན་འདེམས་ཐོན་སྐུ་ཞབས་ཊོམ་གྱིས་རྒྱ་ནག་གི་ཨ་རིའི་གཞུང་ཚབ་ཆེན་མོར་སྐུ་ཞབས་བྷི་རན་སི་ཊེ་ཌི་བསྐོ་བཞག་བྱེད་རྒྱུ་གཏན་ཁེལ་ཡོད་པ་དང་། ཁོང་ནི་ཞི་ཅེ་ཕིང་གཙོས་པའི་རྒྱ་ནག་གི་འགོ་ཁྲིད་རྣམས་དང་དུས་ཡུན་རིང་པོའི་འབྲེལ་བ་ཡོད་མཁན་ཞིག་རེད་ཅེས་བརྗོད་འདུག
དེ་ཡང་ཟླ་འདིའི་ཕྱི་ཚེས་༧ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་འཁོད་གསལ་ལྟར་ན། ཨ་རིའི་འོས་ཐོབ་སྲིད་འཛིན་ཌོ་ནལ་ཊོམ་གྱིས་སྐུ་ཞབས་ཊེ་རིས་བྷི་རན་སི་ཊེ་ཌི་(Terry Branstad) ལ་རྒྱ་ནག་ཏུ་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་བྱ་རྒྱུའི་རེ་འདུན་བཏོན་པ་ལྟར། ཁོང་གིས་ཁས་ལེན་བྱས་ཡོད་པའི་གནས་ཚུལ་ཊོམ་གྱི་མགྲིན་ཚབ་པ་ཇ་སོན་མི་ལེར་(Jason Miller)གྱིས་བརྗོད་ཡོད་པ་དང་། དེ་བཞིན་སྐུ་ཞབས་བྷི་རན་སི་ཊེ་ཌི་ནི་མང་ཚོགས་ཀྱི་སྲིད་ཇུས་དང་། ཚོང་ལས། ཞིང་ལས་བཅས་ཀྱི་ཐོག་ཉམས་མྱོང་གིས་ཕྱུག་ཅིང་། རྒྱ་ནག་དང་རྒྱ་ནག་མི་མང་ལ་རྒྱུས་མངའ་ཧ་ཅང་ཆེན་པོ་ཡོད་མཁན་ཞིག་ཡིན་པ་མ་ཟད། འདི་ལོའི་ཨ་རིའི་སྲིད་འཛིན་འོས་འགྲན་དྲིལ་བསྒྲགས་སྐབས་དང་། སྲིད་འཛིན་གྱི་རྒྱལ་ཁ་ཐོབ་རྗེས་སུ་ཐུག་འཕྲད་སྐབས་གཉིས་ཀར་འདེམས་ཐོན་སྲིད་འཛིན་ཌོ་ནལ་ཊོམ་ལ་བག་ཆགས་ཤིན་ཏུ་བཟང་པོ་འཇོག་མཁན་གྱི་མི་སྣ་ཞིག་ཡིན་པ་བཅས་ཀྱི་རྒྱུ་མཚན་ལ་བརྟེན་ནས། ཊོམ་གྱིས་ཁོང་རྒྱ་ནག་ཏུ་གཞུང་ཚབ་མི་སྣར་བསྐོས་པ་ཡིན་ཚུལ་མགྲིན་ཚབ་པས་བརྗོད་ཡོད་འདུག ཡང་ཁོང་གིས་བརྗོད་དོན་དུ། “ཨ་རིའི་ཨའོ་ཝ་མངའ་སྡེའི་སྤྱི་ཁྱབ་སྐུ་ཞབས་བྷི་རན་སི་ཊེ་ཌི་ནི་འཛམ་གླིང་གི་སྡིངས་ཆའི་ཐོག་ཨ་རིའི་རྒྱལ་ཁབ་ཀྱི་ཚབ་མཚོན་བྱེད་ཐུབ་མཁན་གྱི་མི་སྣ་ཞིག་ཡིན་པ་གསལ་པོ་རེད་ལ། འདེམས་ཐོན་དེར་ང་ཚོར་སྤོབས་པ་ཆེན་པོ་ཡོད་”ཅེས་བརྗོད་ཡོད་འདུག ཨ་རིའི་འོས་ཐོབ་སྲིད་འཛིན་ཌོ་ནལ་ཊོམ་གྱི་ཁྱབ་བསྒྲགས་ཚོགས་པས་ཟླ་འདིའི་ཕྱི་ཚེས་༧ ཉིན་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དེའི་ནང་འཁོད་དོན་དུ། “མངའ་སྡེ་བློན་ཆེན་བྷི་རན་སི་ཊེ་ཌི་ཡི་མི་ལོ་བཅུ་ཕྲག་རིང་གི་གཞུང་ཞབས་ཀྱི་ཉམས་མྱོང་དང་། ཞི་ཅེ་ཕིང་གིས་གཙོས་པའི་རྒྱ་ནག་གི་འགོ་ཁྲིད་རྣམས་དང་དུས་ཡུན་རིང་པོའི་འབྲེལ་བ་ཡོད་པ་བཅས་ལ་བརྟེན་ནས་རྒྱ་ནག་དུ་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཀྱི་འདེམས་ཀ་ཡག་ཤོས་དེ་ཆགས་ཀྱི་འདུག” ཅེས་བསྒྲགས་ཡོད་འདུག རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཁང་གི་མགྲིན་ཚབ་པ་ལོའུ་ཁང་གིས་“སྐུ་ཞབས་བྷི་རན་སི་ཊེ་ཌི་ནི་རྒྱ་ནག་མི་མང་གི་གྲོགས་པོ་རྙིང་པ་ཞིག་རེད། ང་ཚོས་ཨ་རྒྱ་གཉིས་བར་གྱི་འབྲེལ་ལམ་གོང་འཕེལ་དུ་གཏོང་ཆེད་ཁོང་གི་ལེགས་སྐྱེས་ལ་དགའ་བསུ་ཡོད་” ཅེས་བརྗོད་ཡོད་འདུག
ཕྱི་ལོ་༡༩༨༥ ལོ་ནས་བཟུང་སྐུ་ཞབས་བྷེརན་སི་ཊེ་ཌི་དང་ཞི་ཅེ་ཕིང་གཉིས་ཕན་ཚུན་ལ་ཆ་རྒྱུས་ཡོད་པ་མ་ཟད། ཕྱི་ལོ་༢༠༡༢ ལོར་བྷི་རན་སི་ཊེ་ཌི་ཆེས་དང་ཐོག་ཨ་རིའི་ཨའོ་ཝ་མངའ་སྡེའི་བློན་ཆེན་གནང་སྐབས་ཞི་ཅེ་ཕིང་དེར་སླེབས་ནས་བཟུང་། ཁོང་གཉིས་བར་གྲོགས་པོའི་འབྲེལ་ལམ་མ་ཉམས་པར་གནས་ཡོད་འདུག
གསར་འགོད་པ་བཀྲ་ཤིས་དོན་གྲུབ།