སྐུ་ཞབས་ཌོ་ནལ་ཊོམ་ལ་ཨ་རིའི་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པ།
ཕྱི་ལོ་༢༠༡༦ ལོའི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་ཁྲོད་སྤྱི་མཐུན་ཚོགས་པའི་འོས་མི་སྐུ་ཞབས་ཌོ་ནལ་ཊོ་རམ་ལ་འོས་ཐོབ་པ་དང་། ད་ལྟའི་ཆར་འོས་བསྡུའི་གྲུབ་འབྲས་ཆ་ཚང་གསལ་བསྒྲགས་བྱས་མེད་ནའང་། ཁོང་ལ་འོས་གྲངས་དགོས་ངེས་༢༧༠ བརྒལ་རྒྱུ་ཡིན་པ་ངེས་གཏན་ཆགས་ནས། ཁོང་ཨ་རིའི་སྲིད་འཛིན་༤༥ པ་དེ་ཆགས་ཀྱི་ཡོད་པ་རེད།
ཁོང་གིས་རང་ཉིད་ཀྱི་ཁྱབ་བསྒྲགས་ཀྱི་ལྟེ་གནས་ཁང་དུ་འདུ་འཛོམས་བྱས་པའི་རྒྱབ་སྐྱོར་བ་ཚོའི་མདུན་དུ་རྒྱལ་ཁའི་གཏམ་བཤད་ནང་། ལྕམ་ཧི་ལ་རི་ཁེ་ལན་ཊོན་ནས་ཁོ་ལ་ཁ་པར་འབྱོར་ནས་དགའ་བསུ་ཞུས་པ་དང་། ད་ཨ་རི་བ་ཚང་མ་ཆིག་སྒྲིལ་ཐོག་ནས་མདུན་བསྐྱོད་བྱ་རྒྱུའི་དུས་ལ་སླེབས་ཡོད་པ། ཁོང་གིས་ཨ་རིའི་མི་སེར་ཚང་མའི་སྲིད་འཛིན་བྱེད་རྒྱུའི་ཁས་ལེན་དམ་བཅའ་ལེན་གྱི་ཡོད་སྐོར་བརྗོད་འདུག
ཨ་རིའི་སྲིད་འཛིན་འོས་བསྡུ་དང་ལྷན་དུ་གྲོས་ཚོགས་གོང་འོག་གཉིས་ཀྱི་འོས་བསྡུ་ཡང་བྱས་ཡོད་པས། གྲོས་ཚོགས་གོང་མའི་ནང་སྤྱི་མཐུན་ཚོགས་པའི་ཚོགས་མི་༥༡ དང་མང་གཙོ་ཚོགས་པའི་ཚོགས་མི་༤༥ འོས་འདེམས་བྱུང་ཡོད་འདུག་པ་དང་། གྲོས་ཚོགས་འོག་མའི་ནང་མང་གཙོ་ཚོགས་པའི་ཚོགས་མི་༡༩༦ དང་སྤྱི་མཐུན་ཚོགས་པའི་ཚོགས་མི་༢༣༩ འདེམས་ཐོན་བྱུང་ནས། གྲོས་ཚོགས་གོང་འོག་གཉིས་ནང་སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཡོད་འདུག
སྐུ་ཞབས་ཊོམ་གྱི་རྒྱལ་ཁ་དང་བསྟུན་ནས། རྒྱལ་སྤྱིའི་མ་རྐང་ཁྲོམ་ར་དང་ལྷག་པར་དུ་ཨེ་ཤི་ཡའི་ཁྲོམ་ར་མར་ཆག་བཞིན་ཡོད་འདུག
སྐུ་ཞབས་ཌོ་ནལ་ཊོམ་ནི་ཕྱི་ལོ་༡༩༤༦ ལོའི་ཟླ་༦ པའི་ཚེས་༡༤ ཉིན་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་སྐྱེས། ལོ་༡༣ ཡིན་དུས་ཨ་རིའི་ནིའུ་ཡོག་དམག་གི་སྒྲིག་འཛུགས་ཀྱི་སློབ་གྲྭར་སློབ་སྦྱོང་བྱས་པ་དང་། ཕྱི་ལོ་༡༩༦༨ ལོར་པེན་སི་ཝེ་ནི་ཡའི་གཙུག་ལག་སློབ་གཉེར་ཁང་གི་ཊར་ཀྲོན་མཐོ་སློབ་ནས་དཔལ་འབྱོར་རིག་པའི་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན། ཕྱི་ལོ་༡༩༧༡ ཁོའི་ཕའི་ཁང་བཟོ་དང་ས་ཁང་གི་ཚོང་ལས་སྡེ་ཚན་དེ་བདག་བཟུང་བྱས་པ་དང་། དུས་ཚོད་ཐུང་ཐུང་ནང་ཁོང་སྐད་གྲགས་ཆེན་པོ་ཆགས་པ་རེད་འདུག ཁོང་གིས་ཕྱི་ལོ་༡༩༩༦ ནས་༢༠༡༥ བར་ཨ་རིའི་མཛངས་མའི་འགྲན་བསྡུར་དེ་བདག་ཉར་བྱས། ཁོས་གཟུགས་མཐོང་རླུང་འཕྲིན་ནང་ལེ་ཚན་ཁག་ཁ་ཤས་ཀྱི་གཙོ་སྐྱོང་བ་དང་འདོན་སྤེལ་ཡང་བྱས་ཡོད་འདུག
ཕྱི་ལོ་༢༠༡༦ ལོར་སྙན་གྲགས་ཆེ་བའི་ཧྥོར་བྷེ་སེ་དུས་དེབ་ཀྱིས། ཁོ་ནི་འཛམ་གླིང་ནང་མི་ཕྱུག་ཤོས་༣༢༤ པ་དང་ཨ་རིའི་ནང་༡༥༦ པ་དེ་ཡིན་སྐོར་གྱི་གནས་ཚུལ་བཀོད་འདུག
ཕྱི་ལོ་༢༠༡༥ ལོར་ཁོས་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིའི་ཁྱབ་བསྒྲགས་བྱས་པ་དང་། ཕྱི་ལོ་༢༠༡༦ ལོའི་ཟླ་༧ པའི་ནང་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་འདེམས་ཐོན་བྱུང་བ་རེད། ཁོང་གི་སྐད་ཆ་དང་བསྒྲགས་གཏམ་མང་པོ་ཞིག་རྩོད་རྙོག་གི་གླེང་གཞིར་གྱུར་ཡོད། ཁོང་གི་མ་འོངས་པའི་འཆར་གཞི་ཁག་ནི་ཡུལ་སྤོ་བའི་ཁྲིམས་དམ་པོ་དང་། རྒྱ་ནག་དང་རྒྱལ་སྤྱིའི་རྒྱལ་ཁབ་ཁག་དང་བཞག་པའི་ཚོང་ལས་ཀྱི་གྲོས་དོན་རྣམས་ལ་གྲོས་མོལ་བསྐྱར་དུ་བྱ་རྒྱུ། ཨ་རི་དང་མེག་སི་ཁོའི་བར་དུ་ཁྲིམས་འགལ་གྱི་གནས་སྤོ་བ་རྣམས་འགོག་ཆེད་རྩིག་བྱང་བརྒྱབ་རྒྱུ། ཨ་རིའི་དམག་ཟུར་ལྟ་སྐྱོང་གི་ལས་གཞི་བསྐྱར་བཟོ། དཔྱ་ཁྲལ་ཚད་གཞི་ཆུང་དུ་གཏང་རྒྱུ་སོགས་ཡིན་པ་རེད། ཁོང་གིས་ཁ་ཆེ་བ་དང་གནས་སྤོ་བ། བུད་མེད་ཀྱི་ཐོབ་ཐང་། མི་རིགས་ནག་པོ། བུད་མེད་ཀྱི་མངལ་འདོན་ཐོབ་ཐང་། མཚན་མཐུན་གྱི་ཆང་སའི་ཐོབ་ཐང་སོགས་ལ་འཛིན་པའི་ལང་ཕྱོགས་ལས། ཁོ་ནི་རྙིང་ཞེན་པ་ཞིག་ཡིན་པར་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་རེད།
དེ་བཞིན་སྲིད་འཛིན་འོས་མའི་འགྲན་རྩོད་པ་མང་གཙོ་ཚོགས་པའི་ལྕམ་ཧི་ལ་རི་ཁེ་ལེན་ཊོན་ནི་ཕྱི་ལོ་༡༩༤༧ ལོའི་ཟླ་༡༠ པའི་ཚེས་༢༦ ཉིན་ཨ་རིའི་ཆི་ཀ་ཀོའི་མངའ་སྡེར་སྐྱེས་ཡོད་པ་དང་ཝེ་ལེ་ས་ལི་བུད་མེད་ཀྱི་མཐོ་སློབ་ནས་སློབ་ཐོན་བྱས། སྙན་གྲགས་ཆེ་བའི་ཡེལ་གཙུག་ལག་སློབ་གཉེར་ཁང་ལས་ཁྲིམས་ཀྱི་་སློབ་སྦྱོང་བྱས་ཡོད་པ་རེད། དེ་རྗེས་གྲོས་ཚོགས་ཀྱི་ཁྲིམས་ཀྱི་སློབ་སྟོན་པའི་ལས་གནས་ཁུར་ཡོད་པ་དང་། ཕྱི་ལོ་༡༩༧༥ ལོར་བྷེལ་ཁེ་ལེན་ཀྲོན་དང་ཆང་ས་བརྒྱབ་ཡོད་པ་རེད། ཕྱི་ལོ་༡༩༧༧ ལོར་ས་གནས་ཨར་ཀན་སེའི་ནང་མི་དང་ཕྲུ་གུའི་རྒྱབ་སྐྱོར་ཚོགས་པ་མི་གཞན་དང་མཉམ་འཛུགས་བྱས་ཡོད་འདུག
ཕྱི་ལོ་༡༩༩༢ ལོར་མོའི་ཁྱོ་ག་བྷིལ་ཁེ་ལེན་ཊོན་ལ་ཨ་རིའི་སྲིད་འཛིན་འོས་ཐོབ་པས། མོའི་རང་ཉིད་ཨ་རིའི་ལྕམ་མོའི་གོ་གནས་ཀྱི་ཐོག་ནས། སྨན་བཅོས་ལྟ་སྐྱོང་སོགས་ཀྱི་ལས་རིམ་མང་པོ་ཞིག་གསར་འཛུགས་བྱས་ཡོད་པ་དང་། དེ་བཞིན་གསོས་ཕྲུག་དང་ད་ཕྲུག བུད་མེད་སོགས་ཀྱི་བདེ་འཇགས་ཐོག་ལ་ལས་འགུལ་རིམ་པ་དང་ལས་འཆར་རིམ་པ་སྤེལ། ཕྱི་ལོ་༢༠༠༠ ལོར་ཨ་རིའི་ནིའུ་ཡོག་ནས་བུད་མེད་ཀྱི་གྲོས་ཚོགས་འཐུས་མི་ཐོག་མར་དེ་ཆགས། ཕྱི་ལོ་༢༠༠༡ ལོའི་ཟླ་༩ པའི་ཚེས་༡༡ ཉིན་འཇིག་སྐུལ་རིང་ལུགས་པ་ཨལ་ཁིའུ་དྷས་ཨ་རི་ལ་དྲག་རྒོལ་བྱས་རྗེས། མོས་ཨི་རག་ལ་དམག་དྲངས་རྒྱུའི་ཐད་རྒྱབ་སྐྱོར་གྱི་འོས་བླུགས་ཡོད་པ་དང་། ཐག་གཅོད་དེར་མོས་རྗེས་སུ་འགྱོད་སྣང་ཡོད་སྐོར་བརྗོད་ཡོད་པ་རེད། དེ་བཞིན་མོས་ཁོར་ཡུག་དང་སེམས་ཅན་སོགས་ཀྱི་ཆེད་དུ་ལས་འགུལ་ཁག་ཅིག་སྤེལ་ཡོད་འདུག
ཕྱི་ལོ་༢༠༠༦ ལོར་མོ་རང་སླར་ཡང་གྲོས་ཚོགས་སུ་འདེམས་ཐོན་བྱུང་འདུག་པ་དང་། ཕྱི་ལོ་༢༠༠༨ ལོའི་ཨ་རིའི་སྲིད་འཛིན་འོས་མོར་ལངས་ཀྱང་། འོས་མི་བྷེ་རག་ཨོ་བྷ་མ་དང་མཉམ་དུ་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་ནང་འགྲན་བསྡུར་ཤོར་བ་དང་། ཕྱི་ལོ་༢༠༠༩ ནས་༢༠༡༣ བར་ཨོ་བྷ་མིའི་སྲིད་གཞུང་ནང་ཨ་རིའི་དྲུང་ཆེའི་ལས་ཀ་བྱས། དེ་རྗེས་ཕྱི་ལོ་༢༠༡༦ ལོའི་སྲིད་འཛིན་འོས་བསྡུར་ལངས་ནས། མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་འདེམས་ཐོན་བྱུང་། ཨ་རིའི་ལོ་རྒྱུས་ནང་ཆབ་སྲིད་ཚོགས་པ་ཆེ་ཁག་གཉིས་ལས་བུད་མེད་ཀྱི་སྲིད་འཛིན་འོས་མི་ཐོག་མར་དེ་ཆགས་པ་དང་། མི་མང་པོ་ཞིག་གིས་མོ་རང་ཨ་རིའི་སྲིད་འཛིན་བུད་མེད་ཐོག་མར་དེ་ཆགས་རྒྱུ་ཡིན་པའི་ཚོད་དཔག་བྱས་ཡོད་ཀྱང་། དེ་ལྟར་བྱུང་མེད་པ་རེད།
མོས་ཨ་རིའི་ནང་གི་ཁྲིམས་འགལ་གྱི་གནས་སྤོ་བ་རྣམས་ལ་མི་སེར་ཆགས་རྒྱུའི་ལམ་ཁ་བཟོ་རྒྱུ་དང་། བུད་མེད་ཀྱི་མངལ་འདོན་དང་། ཆང་སའི་ཐོབ་ཐང་། མེ་མདའ་བདག་ཉར་བྱེད་པར་སྟངས་འཛིན། མི་མང་གི་ཡོང་བབ་མང་དུ་གཏོང་བ། གྲོན་གཏོང་ཐུབ་པའི་སྨན་བཅོས་བལྟ་སྐྱོང་། བུད་མེད་ཀྱི་ཐོབ་ཐང་སྲུང་སྐྱོབ། ཤེས་ཡོན་ཡར་རྒྱས་སོགས་ཀྱི་ཐོག་ལ་ལས་འཆར་ཡོད་འདུག
སྲིད་འཛིན་འོས་བསྡུའི་ལས་རིམ་ཁྲོད་མོས་རང་ཉིད་ཀྱི་ཐེབས་རྩ་ཚོགས་པ་བརྒྱུད། འཛམ་གླིང་གི་ཚོང་ལས་སྡེ་ཚན་སོགས་ནས་ཚུལ་མིན་གྱི་བརྒྱུད་རིམ་བརྒྱུད་དངུལ་ཕོན་ཆེན་བླངས་ཡོད་པ་དང་། ཨ་རིའི་དྲུང་ཆེའི་ལས་གནས་འཁུར་བཞིན་པའི་སྐབས་སུ་གཞུང་གི་ལས་དོན་ཆེད་སྒེར་གྱི་གློག་འཕྲིན་ཁ་བྱང་བེད་སྤྱད་པ་སོགས་ཀྱི་ཐོག་ལ་སྐྱོན་བརྗོད་ཤུགས་ཆེན་སླེབས་ཡོད་པ་རེད།
ཐེངས་འདིའི་ཨ་རིའི་སྲིད་འཛིན་འོས་བསྡུ་དེ་ནི་ད་བར་ཨ་རིའི་ལོ་རྒྱུས་ནང་འཁྲུག་ཤོས་བྱུང་ཡོད་པ་དང་། འཛམ་གླིང་ནང་དོ་སྣང་བྱེད་ཡུལ་གྱི་གནད་དོན་ཆེ་ཤོས་དེ་ཆགས་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།