སྐུ་ཞབས་ཊོམ་གྱི་སྲིད་འཛིན་དུས་ཡུན་ལ་ཐུགས་ཁྲལ་མེད།
༧གོང་ས་མཆོག་གིས་སྐུ་ཞབས་ཌོ་ནལ་ཊོམ་གྱི་ཨ་རིའི་སྲིད་འཛིན་དུས་ཡུན་ལ་ཐུགས་ཁྲལ་མེད་པ་དང་། ཁོང་དང་མཇལ་འཕྲད་གནང་ཐུབ་པའི་རེ་བ་ཡོད་སྐོར་གསུངས་འདུག
དེ་ཡང་ཟླ་འདིའི་ཚེས་༢༤ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་འདིའི་ཚེས་༢༣ ཉིན་༧གོང་ས་མཆོག་གི་སོག་ཡུལ་གྱི་ཆིབས་བསྒྱུར་མཇུག་བསྒྲིལ་རྗེས། སོག་ཡུལ་གྱི་རྒྱལ་སར་གསར་འགོད་པས་བཀའ་འདྲི་ཞུས་པའི་ལན་དུ། ཁོང་གིས་དུས་རྒྱུན་དུ་ཨ་རི་ནི་འཛམ་གླིང་ནང་རང་དབང་གི་འགོ་ཁྲིད་ཅིག་ལ་ངོས་འཛིན་གནང་གི་ཡོད་པ་དང་། ཨ་རིའི་འོས་བསྡུ་སྐབས་སུ་སྐུ་ཞབས་ཊོམ་གྱི་མི་རིགས་དབྱེ་འབྱེད་ཀྱི་སྐད་ཆ་ལ་ཐུགས་ཁྲལ་མེད་སྐོར་གསུངས་ནས། “ངའི་བསམ་ཚུལ་ལ་འོས་བསྡུའི་སྐབས་སུ་འོས་མི་རྣམས་ལ་རང་ཉིད་ཀྱི་བསམ་ཚུལ་གསུང་རྒྱུའི་རང་དབང་ཆེ་ཙམ་ཡོད་དེ། རྗེས་སུ་ཁོང་རྣམས་འདེམས་ཐོན་བྱུང་སྐབས། ཁོང་ཚོས་ལས་ཀ་དང་མཉམ་ལས་སོགས་དངོས་ཡོད་གནས་སྟངས་དང་བསྟུན་ནས་བྱེད་དགོས་པ་ཡིན་པས། ང་ལ་སེམས་ཁྲལ་མེད་” ཅེས་གསུངས་ཡོད་འདུག
དེ་བཞིན་གོ་ལའི་གནམ་གཤིས་འགྱུར་ལྡོག་སྐོར་ལ་བཀའ་འདྲི་ཞུས་པའི་ལན་དུ། ཁོང་གིས་འཛམ་གླིང་ནང་རླངས་འཁོར་ཉུང་དུ་གཏོང་ཐུབ་མིན་མི་ཤེས་ཏེ། འཛམ་གླིང་ནང་ནུས་ཤུགས་འདོན་ཁུངས་ཉི་མ་དང་རླུང་སོགས་ལ་འགྱུར་བཞིན་ཡོད་པས་ཐུགས་མཉེས་པོ་བྱུང་སྐོར་གསུངས་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།