སྐུའི་ཡང་སྲིད་དང་མ་འོངས་པ།
བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༥༤ཆེད་བརྗོད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་༩༠ དང། རང་ལུགས་དགུང་གྲངས་༩༡ ཏུ་ཕེབས་ཟིན་པ་རེད། དགུང་གྲངས་༡༡༣ སོགས་བཞུགས་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་ཡོད་ནའང། མགོན་པོ་གང་ཉིད་ཀྱིས་ད་ལྟའི་ཆ་ནས། སྐུའི་ཡང་སྲིད་རིན་པོ་ཆེ་དུས་ནམ་ཞིག་ལ་ས་གནས་གང་ཞིག་ཏུ་ཡབ་ཡུམ་སུ་ཞིག་གི་སྲས་སུ་འཁྲུངས་རྒྱུ་ཡིན་པ་སོགས་ཕྱག་བྲིས་ཕྱག་བསྟར་གྱིས་བྲིས་གནང་མཛད་དགོས་པ་དང། བཀའ་ཡིག་ལུང་བསྟན་དེ་ཡང་ད་ལྟའི་ཆར་ཕྱིར་བསྒྲགས་གཏན་ནས་མི་བྱེད་པ་མ་ཟད། སྐུ་འཁོར་ཞབས་ཞུ་བ་སུ་གཅིག་གིས་བལྟ་ཀློག་མི་ཆོག་པར་བཀའ་རྒྱ་དམ་པོ་མཛད་དེ། བརྩན་སྒམ་(Σαφτψ Λοχκερ)ལྡེའུ་མིག་གསུམ་གྱིས་དུས་གཅིག་ཏུ་ཁ་མ་ཕྱེས་ན་ལྡེའུ་མིག་གཅིག་ཁ་འབྱེད་མི་ཐུབ་པ་ཞིག་ཏུ་བཅུག ལྡེའུ་མིག་དེ་ཡང་འབྲེལ་ཡོད་སྡེ་ཚན་མི་འདྲ་བ་གསུམ་གྱིས་ས་གནས་སོ་སོར་ཉར་རྒྱུ་དང། མ་འོངས་པར་དུས་ལ་བབས་པའི་ཚེ་འབྲེལ་ཡོད་ཚང་འཛོམས་དང་ཡོངས་ཁྱབ་བརྙན་ལེན་གྱི་ཐོག་ནས་ཞལ་འབྱེད་ཞུ་རྒྱུའི་གྲ་སྒྲིག་བྱེད་དགོས་སྙམ།
སྤྱིར་མ་འོངས་པར་༧གོང་ས་མཆོག་གི་ཡང་སྲིད་དེ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནད་དོན་ཞིག་ཏུ་འགྱུར་རྒྱུ་ཉག་གཅིག་ཡིན་པ་དང། གཙོ་བོ་དགྲ་བོ་རྒྱ་དམར་གཞུང་གི་བཙན་དབང་གིས་སྡུག་ལག་བརྐྱང་རྒྱུ་ཡིན་པ་ད་ལྟ་ནས་འཛམ་གླིང་ཁྱོན་ཡོངས་སུ་ཡིག་ངག་གཉིས་ཐོག་ནས་ཕྱི་གསལ་ནང་གསལ་བཟོས་ཟིན་པ་རེད། ད་དུང་བོད་ཀྱི་ས་ཁུལ་ཁག་མི་འདྲ་བ་དང། ཆོས་བརྒྱུད་ཁག་མི་འདྲ་བ། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་ཁུལ་མི་འདྲ་བ། སོག་པོ་སོགས་ས་ཁུལ་མི་འདྲ་བ་སྣ་ཚོགས་ནས། ༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་བྱེད་སྲིད་པ་མ་ཟད། བླ་མ་བྱེ་བྲག་པ་དང། མགོ་བདེ་དྲན་འཕྲུལ་དང་གཡོ་སྒྱུ་ཆེ་བའི་ཕྱི་ནང་གི་མི་སྒེར་དུ་མས་རང་ཉིད་སྒེར་གྱི་ཁེ་ཕན་ཆེད་འབྲེལ་ཡོད་ཕྲུ་གུ་ཞིག་ལ་༧གོང་ས་མཆོག་གིས་མཚན་འདོགས་པ་སོགས་ཡོང་སྲིད་པ་རེད། སྐབས་དེར་འབྲེལ་བ་ཆེ་ཆུང་དང་དབང་ཤུགས་ཆེ་ཆུང་མ་གཏོགས་རྒྱུ་མཚན་དང་གནས་ལུགས་འགྲོ་ས་མེད་ལ། ཡང་སྲིད་ཀྱི་གནད་དོན་ལ་བརྟེན་ནས་བོད་པའི་སྤྱི་ཚོགས་སུ་ཕན་མེད་གནོད་གཞིར་འགྱུར་བ་ཆགས་ངེས་རེད།
བོད་ཀྱི་ཡང་སྲིད་ངོས་འཛིན་བྱེད་སྟངས་ད་ལྟ་ནས་འཆོལ་ཉོག་ཏུ་གྱུར་ཟིན་པ་མ་ཟད། མ་འོངས་པར་སྡུག་ཏུ་འགྲོ་ངེས་པས། ༧གོང་ས་མཆོག་གི་ཡང་སྲིད་ནི་བོད་ཀྱི་ཆོས་སྲིད་གཉིས་ཐད་ནས་བླ་སྤྲུལ་གཞན་སུ་གཅིག་དང་བསྡུར་ཐབས་མེད་པས། ཚད་ལྡན་ཡིད་ཆེས་ཐུབ་པ་ཞིག་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། མ་འོངས་པར་ཡང་སྐལ་ལྡན་གདུལ་བྱའི་སྣང་ངོར་དུས་གསུམ་གསལ་གཟིགས་དང་མངོན་ཤེས་ཐོགས་པ་མེད་པའི་བླ་སྤྲུལ་དེ་འདྲ་ཡོང་ངེས་ཀྱང། ཚང་མས་རྩོད་མེད་ཡོངས་གྲགས་ཀྱིས་ཁས་ལེན་ཐུབ་དཀའ་བ་དང། གཙོ་བོ་རང་ཉིད་སྒེར་དང། འབྲེལ་ཡོད་ཆོས་བརྒྱུད་དང་ཆོལ་ཁ། ས་གནས་མི་འདྲ་བའི་ཁེ་ཕན་ལ་ཐུག་དུས། “སངས་རྒྱས་གནམ་ལ་འཕུར་ཡང་དད་པ་མེད། སེམས་ཅན་རྒྱུ་མ་ལུག་ཀྱང་སྙིང་རྗེ་མེད།”ཅེས་པ་ལྟར་བརྩི་འཇོག་བྱ་རྒྱུ་དེ་ཧ་ཅང་ཁག་པོ་ཡིན་པས། སྐུའི་ཡང་སྲིད་དེ་མགོན་པོ་གང་ཉིད་ཀྱིས་ད་ལྟ་ནས་ངོས་འཛིན་གསལ་པོ་མཛད་ན། སངས་རྒྱས་པའི་བསྟན་པ་དང་བོད་སྤྱིའི་བདེ་སྡུག་ལ་ཕན་ཐོགས་བླ་ན་མེད་པ་འབྱུང་ངེས་རེད།
གང་མགྱོགས་བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་བསྟན་བདག་བླ་ཆེན་རྣམས་ཀྱི་ཚོགས་འདུ་འཚོག་སྐབས་གནད་དོན་འདི་ཁ་གསལ་གྱི་ཐོག་ནས་ཐག་གཅོད་མཛད་དེ་༧གོང་ས་མཆོག་ལ་གསོལ་འདེབས་ཞུ་རྒྱུ་དེ་དུས་ལ་བབས་པ་ཞིག་ཏུ་གྱུར་ཡོད། གྲོས་ཚོགས་དང་བཀའ་ཤག་གི་ངོས་ནས་བོད་གཞིས་བྱེས་མི་མང་གི་ངོ་ཚབ་ཡིན་པའི་རྣམ་འགྱུར་ཞིག་སྟོན་རྒྱུ་ཙམ་གལ་ཆེན་པོ་ཡིན་པ་ལས། དོན་དངོས་སུ་ཡང་སྲིད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་གང་ཡང་མེད་པ་མ་ཟད། ཆབ་སྲིད་མི་སྣ་འབའ་ཞིག་ལ་འོས་བབས་ཀྱང་དེ་ཙམ་མེད། གང་ལྟར་༧གོང་ས་མཆོག་གི་ཡང་སྲིད་དེ་བོད་ཀྱི་ལོ་རྒྱུས་ཐོག་ནས་གལ་ཆེན་པོ་ཡིན་པ་དང། མགོན་པོ་གང་ཉིད་ཀྱིས་དུས་གསུམ་གསལ་གཟིགས་ཀྱིས་ཐུགས་ཐག་གསལ་པོ་ཞིག་མ་བཅད་ན། བོད་པ་ནང་ཁུལ་དུ་ཡིད་ཆེས་ཀྱི་གནས་སྟངས་ཆུང་དུ་འགྲོ་བཞིན་ཡོད་པས། གཞན་སུས་ངོས་འཛིན་བྱས་ཀྱང་གཅིག་གྱུར་གྱིས་ཁས་ལེན་ཐུབ་པ་ཞིག་ཡོང་དཀའ་བ་མ་ཟད། མ་འོངས་པར་རྩོད་རྙོག་གི་རྒྱུ་ཆེན་པོ་ཞིག་ཏུ་འགྱུར་ཉེན་ཡོད།
མདོར་ན་ནང་པ་སངས་རྒྱས་པའི་བརྒྱུད་འཛིན་ཡུལ་གྲུ་གཞན་དང་མི་འདྲ་བར། བོད་ལ་ཡང་སྲིད་ངོས་འཛིན་དང་སྐུ་བདག་བྱེད་པའི་ལུགས་སྲོལ་འདི་དར་བ་རེད། སྤྱིར་སྐྱེ་བ་སྔ་ཕྱི་ངོས་འཛིན་མཛད་པ་ནི་སངས་རྒྱས་ཞལ་བཞུགས་དུས་ནས་བྱུང་ཡོད་པ་མ་ཟད། སངས་རྒྱས་ཉིད་ཀྱིས་ཀྱང་སེམས་ཅན་འདི་དང་དེའི་སྐྱེ་བ་སྔ་མ་འདི་དེ་ཡིན་པ་དང། དེའི་ལས་ཀྱི་རྣམ་པར་སྨིན་པ་ལས་བརྟེན་ནས་འདི་ལྟ་བུ་བྱུང་བར་གསུངས་པ་ཧ་ཅང་མང་པོ་མཇལ་དུ་ཡོད། ལོ་རྒྱུས་ནང་ཡང་སྲིད་ཀྱི་ལམ་ལུགས་ལ་བརྟེན་ནས་བོད་ལ་གནོད་སྐྱོན་བྱུང་བའང་ཡོད་མོད། ཡང་སྲིད་ལམ་ལུགས་ལ་བརྟེན་ནས་བོད་ཀྱི་སྤྱི་ཚོགས་དང་ཆོས་དང་རིག་གནས་ལ་ཕན་ཐོགས་རྒྱ་ཆེན་པོ་བྱུང་ཡོད། ལྷག་པར་དུ་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་ཀྱི་གནས་སྟངས་ཛ་དྲག་གཉན་འཕྲང་དུ་གྱུར་པའི་སྐབས་འདིར་སྐུ་ངལ་བརྒྱ་ཕྲག་མང་པོ་ལྷུར་བཞེས་མཛད་ནས་བོད་གསོན་པོར་གནས་ཐུབ་ཡོད་པས། མགོན་པོ་གང་ཉིད་ཀྱི་ཡང་སྲིད་ནི་མ་འོངས་པར་ཡང་བོད་སྤྱི་ལ་གལ་གནད་ཆེ་ཤོས་སུ་གྱུར་ཡོད།།