སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་སྐུ་གཤེགས་པ།
སྔ་འགྱུར་རྙིང་མ་པའི་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་མཆོག་བདུན་ཕྲག་སྔོན་མའི་རེས་གཟའ་ལྷག་པ་ཕྱི་ལོ་༢༠༡༥ ཟླ་༡༢ ཚེས་༣༠ ཉིན་སྐུ་གཤེགས་ནས་དེ་རིང་བར་གསང་རྒྱ་བྱས་འདུག ཁོང་ནི་བོད་ལུགས་ལྟར་ན་དགུང་གྲངས་༡༠༤ ལ་ཕེབས་ཟིན་ཡོད་པ་རེད།
དེ་ཡང་སྔ་འགྱུར་འོད་གསལ་རྫོགས་པ་ཆེན་པོའི་རྒྱུད་འཛིན་རིག་འཛིན་གྲུབ་བརྙེས་ཡོངས་ཀྱི་སྤྱི་དཔལ་ཆེན་པོ་སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེ་རིན་པོ་ཆེ་མཆོག་ནི། བོད་རབ་བྱུང་བཅོ་ལྔ་པའི་ཆུ་གླང་ཕྱི་ལོ་༡༩༡༣ ལོའི་བོད་ཟླ་༥ ཚེས་༡༠ ཉིན་ཁམས་ཉག་རོང་གི་ས་ཆར། ཡབ་པདྨ་དོན་གྲུབ་དང། ཡུམ་བསོད་ནམས་མཚོ་གཉིས་ཀྱི་སྲས་སུ་སྐུ་བལྟམས་ཤིང། རྗེ་འདི་ཉིད་ནི་སྤྲུལ་པའི་གཏེར་ཆེན་བདུད་འདུལ་རྡོ་རྗེའི་དམ་ཆོས་དགོངས་པ་ཡོངས་འདུས་ཀྱི་ལུང་བྱང་ལས། པཎ་ཆེན་བི་མའི་རྣམ་འཕྲུལ་མཆོགཿ ཀཿཐོག་ཕྱོགས་ནས་བུདྡྷའི་མིང་ཅན་འབྱུངཿ ཞེས་དང། ད་ལྟའི་རྒྱལ་བ་བློ་གྲོས་ནིཿ མ་འོངས་ཀཿཐོག་ལྷོ་ཕྱོགས་སུཿ བུདྡྷའི་མིང་ཅན་ཤེས་རབ་ལྡནཿ གང་ཟག་དེ་ལ་ཆོས་འདི་བྱིནཿ ཞེས་དང། ཉག་བླ་པདྨ་བདུད་འདུལ་གྱི་ཞལ་སློབ་གཡོན་རུ་འཆི་མེད་རྡོ་རྗེའི་མ་འོངས་ལུང་བསྟན་ལས། པདྨའི་ཐུགས་ཀྱི་སྤྲུལ་པ་མཆོགཿ བི་མས་བྱིན་གྱིས་བརླབས་པའི་བུཿ གླང་ལོ་བཛྲ་མིང་ཅན་གྱིསཿ སྒྲུབ་བརྒྱུད་བསྟན་པ་རྒྱས་པར་བྱེདཿ ཅེས་དང། གཏེར་ཆེན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས། ཁྱད་པར་མཁར་ཆུ་ས་ཡི་སྒྱུ་གར་ཁྱོད།། སྙིགས་དུས་མ་རུངས་ལོག་ལྟའི་གཡུལ་ལས་རྒྱལ།། འདོད་དོན་བསྟན་པའི་མངའ་ཐང་གོང་དུ་འཕེལ།། དོན་གཉིས་ལྷུན་གྲུབ་དགེ་མཚན་འབར་བཞིན་དུ།། སྐུ་ཚེའི་འདུ་བྱེད་ལོ་བརྒྱར་འཚོ་གཞེས་ནས།། ཟབ་གསང་ཆོས་རྔས་ས་གསུམ་ཀུན་ཏུ་ཁྱབ།། ཅེས་སོགས་གནས་དུས་སྟོན་འཁོར་དགུང་སྙིང་མཛད་པ་སོགས་གསལ་བའི་བསླུ་མེད་རྡོ་རྗེའི་གཏེར་ལུང་དུ་མ་ནས་ཡང་ཡང་ལུང་བསྟན་པ་ལྟར་དོན་ལ་གནས་སོ།།
སྐྱབས་རྗེ་གང་ཉིད་ཀྱིས་རིས་སུ་མ་ཆད་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་བཞི་བཅུ་ལྷག་གི་ཞབས་ལ་གཏུགས་ནས་ཟབ་པའི་གདམས་ངག་མང་པོ་ཞིག་གསན་ཡོད་པ་དང། ལྷག་དོན་དུ་པཎ་ཆེན་བི་མ་ལའི་རྣམ་འཕྲུལ་མཁན་ཆེན་ངག་དབང་དཔལ་བཟང་ངམ་པདྨ་ལས་འབྲེལ་རྩལ་གྱིས་རྗེས་སུ་བཟུང་ནས། མི་ལོ་དྲུག་དང་ཟླ་བ་ལྔའི་བར་དུ་མཉེས་པ་གསུམ་གྱིས་ལེགས་པར་བསྟེན་ནས་ལམ་དང་པོ་སྔོན་འགྲོ་ནས་འཇུག་རིམ་མཐར་ཆགས་སུ་འོད་གསལ་གསང་བ་ཁྲེགས་ཆོད་ཐོད་རྒལ་གྱི་བར་རྒྱུད་ལུང་མན་ངག་གི་ཆོས་ཚུལ་རྣམས་བུམ་པ་གང་བྱོས་ཀྱི་ཚུལ་དུ་གནང་བ་ཐུགས་ཉམས་སུ་བཞེས་པར་བརྟེན། རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་ཐུགས་ལ་འཁྲུངས། སྣང་བཞིའི་རྣལ་འབྱོར་མངོན་དུ་གྱུར། མཁས་དང་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ་སོགས་ཉམས་རྟོགས་ཡོན་ཏན་གྱིས་ཐུགས་རྒྱུད་རབ་ཏུ་ཕྱུག་པར་གྱུར། དེ་བཞིན་སྤྲུལ་པའི་གཏེར་ཆེན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ཞལ་སྔ་ནས། ངེས་པ་དོན་གྱི་བྱ་བཏང་གི་རྒྱལ་པོ།། འགྲོ་འདུལ་སྤྲུལ་པའི་རིག་འཛིན་གྱི་རྒྱལ་ཚབ།། འབྲེལ་ཚད་དོན་ལྡན་ཕྲིན་ལས་ཀྱི་དབང་ཕྱུག། ཁྱབ་བདག་རྡོ་རྗེ་སློབ་དཔོན་དེ་མཁྱེན་ནོ།། ཞེས་སོགས་ཀྱིས་ཁོང་གི་རྒྱལ་ཚབ་ཏུ་མངའ་གསོལ་མཛད།
རྗེ་འདི་ཉིད་ཀྱིས་བོད་ཀྱི་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེའི་དབུ་བླ་མཛད་པ་དང། གཞན་ཡང་རྨད་བྱུང་སྐྱེས་རབས་ཀྱི་ཕྲེང་བ་ཚར་དུ་དངར་བའི་བླ་སྤྲུལ་ཆེ་ཆུང་གང་མང་དང། ལུང་དང་རྟོགས་པའི་ཡོན་ཏན་གྱིས་ཕྱུག་པའི་དམ་པའི་སྐྱེས་བུ། ཆེན་པོའི་ལུང་དང་ཐམ་ཀས་མངོན་པར་མཐོ་བའི་དཔོན་ཆེན། རིགས་རུས་མངའ་ཐང་སྟོབས་འབྱོར་གྱིས་དྲེགས་པའི་སྡེ་དཔོན་མི་དྲག དད་འབྱོར་གཏོང་ཕོད་འཕགས་ནོར་གྱིས་བརྒྱན་པའི་སྦྱིན་བདག་ཕོ་མོ་སོགས་བོད་མདོ་དབུས་ཁམས་གསུམ་གྱི་མི་སྣ་དུ་མ་ཙམ་དུ་མ་ཟད། འཛམ་གླིང་ཤར་ནུབ་ཀྱི་སྐྱེས་བུ་དུ་མས་གདུལ་བྱ་མཆོག་དམན་དུ་མ་ལ་ངོ་བསྲུང་རེ་དོགས་ཀྱིས་མཚོན་ཆོས་བརྒྱད་སྤྲོས་པའི་མངོན་ཞེན་ཕྲ་མོ་ཙམ་གྱིས་སྐུ་ཚེ་ཧྲིལ་པོར་མ་གོས་པར། ཉིན་རེ་བཞིན་ཡུལ་དང་སྐད་རིགས་མི་གཅིག་པའི་སྐྱེ་བོ་དཔག་ཏུ་མེད་པ་རྣམས་ལ་ཞལ་ཏ་བསླབ་བྱ་དང། རྐྱེན་སེལ་བཀའ་དབང་བྱིན་རླབས་ཀྱི་འབྲེལ་བ་མ་ཐོབ་པ་མེད་པའི་སྒོ་ནས་བློ་ལྡན་དོན་གཉེར་ཅན་རྣམས་ཀྱི་རྒྱུད་ལ་ཐར་པའི་ས་བོན་བསྐྲུན།
རྗེ་འདིས་ཕྱོགས་ཀུན་ཏུ་སྒྲུབ་པའི་བསྟན་པ་དར་རྒྱས་མཛད་པ་དང། ཉམ་ཆུང་འཆི་ཁ་མའི་སེམས་ཅན་མང་པོ་ཞིག་ལ་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་དོན་དུ་གཉེར་ཞིང། རྒྱུད་ལུང་མན་ངག་དུ་མ་དཔང་པོ་རུ་བཞག་ནས་སེམས་ཅན་གྱི་སྲོག་གཅོད་མི་རུང་བ་དང། ཤ་ཁྲག་གི་ཁ་ཟས་བསྟེན་མི་རུང་བ་དང། བསྟེན་པའི་ཉེས་དམིགས། མ་བསྟེན་པའི་ཕན་ཡོན་སོགས་ཀྱི་སྐོར་ལ་བཀའ་སློབ་དང་ལྗགས་རྩོམ་དུ་མ་གནང་ནས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད། དད་ལྡན་རྣམས་ཀྱིས་རྗེ་གང་ཉིད་ལ་ཟང་ཟིང་གི་དད་དངོས་ཕུལ་བ་རྣམས་ཕྲ་མོ་ཙམ་ཡང་ཆུད་ཟོས་སུ་མ་སོང་བར། སྒྲུབ་སྡེ་ཁག་ཏུ་བཞུགས་པའི་སྤོང་བ་བསམ་གཏན་པ་རྣམས་ལ་སྒྲུབ་རྒྱགས་སྦྱོར་འཇགས་མཛད་པ་དང། སྨྱུང་གནས་དཀར་མོ་ཆ་བརྒྱད་སོགས་ཀྱི་མཐུན་རྐྱེན་སྦྱོར་བ་སོགས་མཛད་ཀྱི་ཡོད།
སྐྱབས་རྗེ་མཆོག་གིས་དད་ལྡན་ཡོངས་ཀྱི་ཞུས་ངོར་བསྩལ་བའི་ལྗགས་རྩོམ་གྱི་སྐོར་ནི། མདོ་རྒྱུད་བསྟན་བཅོས་དང་འབྲེལ་བའི་ལུང། སྒྲ་ཚད་དངོས་སྟོབས་དང་མཐུན་པའི་རིགས་པ། གསལ་བྱེད་མན་ངག་དང་སྦྱར་བའི་གོ་བ་སོགས་མདོར་ན་ཚིག་སྙན་ལ་དོན་བརླིང་པའི་བསྟན་བཅོས་ཡང་དག་གི་མཚན་ཉིད་ཚང་བ། བརྒལ་ལན་དང། གདན་རབས། བསྟོད་ཚོགས། ཞལ་གདམས། རྫོགས་ཆེན་སྙན་རྒྱུད་ཀྱི་སྐོར། དཀར་ཆག ཆོས་འབྱུང། ཕྱག་ལེན། བསྙེན་སྒྲུབ་ལས་སྦྱོར། གར་ཐིག་དབྱངས་རོལ། བཅའ་འབུད་རྡུང་གསུམ་གྱི་སྐོར་བཅས་སྔ་ཕྱི་ཡོངས་བསྡོམས་པོད་ཆེན་ལྔ་ཙམ་བཞུགས་ཡོད་འདུག།།
ལྷག་དོན་དུ་སྐུ་ཚེ་ཧྲིལ་པོར་དངོས་པོ་ལ་ཞེན་པ་ཆུང་བ། རང་ནོར་ལ་ཆོག་ཤེས་པ། གཞན་ནོར་ལ་འདོད་རྔམས་མེད་པ། མདོར་ན་འདོད་ཆུང་ཆོག་ཤེས་སོགས་ལ་བརྟེན་ནས་སྦས་པའི་རྣམ་འབྱོར་གྱི་སྤྱོད་པ་ཁོ་ནས་འགྲོ་དོན་བསྐྱངས། སྔ་འགྱུར་རྙིང་མ་པ་སྤྱིའི་ངོས་ནས་དབུ་འཛིན་གནང་རྒྱུའི་གསོལ་འདེབས་སྙན་སེང་ཨུ་ནན་ཞུས་ཀྱང་ཞལ་བཞེས་གནང་མེད་པ་དང། སྐྱབས་རྗེ་འདི་ཉིད་ནི་སྐུ་ཚེ་གང་ལ་མཚན་སྙན་གྲགས་ཐོབ་དང་གོ་ས་སོགས་ལ་གཏན་ནས་མི་དགྱེས་པར་སྤྲོས་པ་ཐམས་ཅད་ཡོངས་སུ་དོར་བའི་ངེས་དོན་བྱ་བཏང་གི་རྣལ་འབྱོར་བ་ཆེན་པོ་ཞིག་ཡིན་འདུག།།