སྐྱིད་མི་ལ་རེ་ན་ཞག་གཅིག

(བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་༡༠༣༧ གྱི་ཆེད་བརྗོད།)

འཛམ་གླིང་དུ་སྟོབས་འབྱོར་ཆེ་ཆུང་མི་འདྲ་བའི་རྒྱལ་ཁབ་ཉིས་བརྒྱ་ལ་ཉེ་བ་ཞིག་ཡོད་ལ། བོད་མི་ལྟ་བུའི་སྐྱབས་བཅོལ་བའི་གནས་བབས་ཙམ་དུ་ཡོད་པའང་མི་ཉུང་བ་ཞིག་ཡོད། འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་གིས་རང་ཉིད་ཀྱི་རྒྱལ་ཁབ་གཙོ་བོར་བཟུང་ནས་ཕྱི་འབྲེལ་དང། ནང་སྲིད། དམག་དོན། དཔལ་འབྱོར་སོགས་ཀྱི་ལས་དོན་སྒྲུབ་བཞིན་ཡོད་ལ། སྟོབས་ཆེ་བས་ཆུང་བ་རྣམས་ལ་བཙན་འཛུལ་དང་མནར་གཅོད་བཏང་བའི་ལོ་རྒྱུས་ཀྱང་ཧ་ཅང་མང། ཕྱི་ལོ་༡༩༤༥ ལོར་འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་ནས་ཕྱི་ལོ་༢༠༡༠ ཡས་མས་ཀྱི་བར་འཛམ་གླིང་སྤྱི་ཡོངས་ཀྱི་ཁ་ཕྱོགས་དང་རིན་ཐང་གི་ལྟ་བ། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་སྟངས་སོགས་ཕྱོགས་ཡོངས་ནས་གལ་ཆེ་ཞིང་བཟང་ཕྱོགས་ཀྱི་ལས་དོན་མང་པོ་ཞིག་བསྒྲུབས་ཡོད། ཕྱི་ལོ་༢༠༠༧ ཙམ་ནས་ཨ་རི་གཙོ་བོར་གྱུར་པའི་རྒྱལ་ཁབ་ཁག་ལ་དངུལ་རྩའི་ཉམས་ཉེས་ཆེན་པོ་བྱུང་བའི་རྗེས་ནས་རྒྱལ་ཁབ་མང་པོ་ཞིག་གི་གཞི་རྩའི་བསམ་བློ་གཏོང་སྟངས་ལ་འགྱུར་བ་ཆེན་པོ་འགྲོ་འགོ་ཚུགས་ཡོད།

ད་ལྟའི་ཆར་ཨ་རི་གཙོ་བོར་གྱུར་པའི་སྟོབས་ཆེན་རྒྱལ་ཁབ་མང་པོ་ཞིག་གིས་མང་གཙོའི་ལམ་ལུགས་དར་སྤེལ་གཏོང་རྒྱུའི་ཁ་གཡང་འབྲུག་ལྟར་སྒྲོག་བཞིན་ཡོད་ཀྱང། དོན་དུ་འདྲ་མཉམ་དང་གུ་ཡངས་སྤྱི་ཕན་གཙོ་བོར་འཛིན་པའི་ལངས་ཕྱོགས་དོར་ནས། འོས་བསྡུ་བྱེད་པ་ཙམ་ལས་སྲིད་དོན་ཚོགས་པ་ཁག་དང། དེའི་ནང་ནས་ཀྱང་རང་ཉིད་དང་འབྲེལ་ཡོད་མི་སྣ་དག་གི་དགོས་འདུན་གཙོ་བོར་བཟུང་ནས་ལས་དོན་སྒྲུབ་བཞིན་ཡོད། ཁྲིམས་ཁང་དང་གྲོས་ཚོགས་ཀྱི་ཐག་གཅོད་ཡིན་ཡང་འཛིན་སྐྱོང་གིས་ལག་བསྟར་མི་བྱེད་པ་ལྟ་བུའི་གནས་སྟངས་འདུག་ཅིང། འགྲོ་བ་མིའི་ཐོབ་ཐང་ཐོག་ནས་སྐྱབས་བཅོལ་བ་རྣམས་ལ་མནར་གཅོད་ཀྱི་ལས་འགུལ་གསར་པ་ཞིག་འགོ་ཚུགས་ཡོད་པས། མ་འོངས་པར་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ཏུའང་ལམ་ལུགས་འདི་དར་ཁྱབ་ཆེན་པོ་འགྲོ་སྲིད། རྒྱལ་ཁབ་ཁག་གི་མགོ་ཁྲིད་མང་པོ་ཞིག་རྒྱལ་ཞེན་ཁ་འཁྱེར་བ་དང། མི་རིགས་རིང་ལུགས་པ་སླེབ་ཀྱི་ཡོད་པས་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྔོན་ལ་བསྐྱར་ལོག་བྱེད་སྲིད་པ་ལྟ་བུར་གྱུར་ཡོད།

ད་ལྟའི་ཆར་ཡུག་རེན་གྱི་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་པ་དང། ཌོ་ནལ་ཊོམ་གྱིས་ར་ཤི་ཡར་སྤྲེལ་ལད་འཁྲབ་ནས། ཉེ་བའི་ཆར་ཨ་རི་དང། ར་ཤི་ཡ་གཉིས་ཀྱིས་ཡུག་རེན་གྱི་སྐུ་ཚབ་སྐད་མ་བཏང་བར་ར་ཡུག་གཉིས་ཀྱི་དམག་འཁྲུག་མཚམས་འཇོག་བྱེད་འཆར་ཡོད་ཚུལ་གྱི་གྲོས་མོལ་ཞིག་འགོ་འཛུགས་བྱས་ཡོད། ཌོ་ནལ་ཊོམ་སོགས་ཨ་རིའི་དཔོན་རིགས་དག་གིས་ར་ཤི་ཡར་ཁ་རྡུང་གཏན་ནས་གཏོང་གི་མེད་ཀྱང། ཡུག་རེན་གྱི་སྲིད་འཛིན་ཛི་ལིན་སི་ཀེ་སྲིད་དབང་སྒེར་གཅོད་པ་ཡིན་ཚུལ་དང། ར་ཡུག་གི་དམག་འཁྲུག་གི་རྐྱེན་རྩ་ཡུག་རེན་ཡིན་ཚུལ། མ་འོངས་པར་ར་ཡུག་གཉིས་གྲོས་མཐུན་བྱུང་ན་ར་ཤི་ཡས་འཕྲོགས་ཟིན་པའི་ས་ཆ་རྣམས་ཕྱིར་སློག་མི་དགོས་པ་དང། ཡུག་རེན་བྱང་ཆིངས་སྒྲིག་འཛུགས་ཀྱི་ཁོངས་སུ་ཞུགས་མི་ཆོག་པ། ཡུག་རེན་ལ་ཨ་རིས་སྲུང་སྐྱོབ་གང་ཡང་བྱ་རྒྱུ་མིན་པ་མ་ཟད། མ་འོངས་པར་ཡུག་རེན་ར་ཤི་ཡས་ཡོངས་སུ་དབང་བསྒྱུར་བྱེད་སྲིད་པ་སོགས་ག་ཕྱི་ལོག་པའི་གཏམ་བཤད་དང་འཁྲབ་སྟོན་མང་པོ་ཞིག་བྱེད་བཞིན་འདུག

ཡུག་རེན་གྱི་རང་བྱུང་གཏེར་ཁ་མང་པོ་ཞིག་ཨ་རི་ལ་སྤྲོད་དགོས་པའི་དགོས་འདུན་བཙན་གྱིས་བཏོན་པ་ཡུག་རེན་གྱིས་ཁས་མ་བླངས་པར་བརྟེན། སྲིད་འཛིན་ཇའོ་བྷ་ཌན་གྱི་སྐབས་སྤྲད་ཟིན་པའི་རོགས་དངུལ་ཁག་ཀྱང་བུ་ལོན་གྱི་ངོ་བོའི་ཐོག་ནས་ཕྱིར་སློག་དགོས་པའི་གནོན་ཤུགས་སྤྲོད་བཞིན་ཡོད། ཌོ་ནལ་ཊོམ་གྱི་བྱེད་སྟངས་དེ་ལ་བརྟེན་ནས་ར་ཤི་ཡའི་ཁྲིམས་འགལ་གྱི་བྱེད་སྟངས་ཚང་མ་ཁྲིམས་མཐུན་གྱི་ངོ་བོར་བསྒྱུར་གང་ཐུབ་བྱེད་པའི་གོ་སྐབས་ཐོབ་ཡོད་ལ། ཡུ་རོབ་ཀྱིས་ནུས་ཤུགས་གང་ཡོད་བཏོན་ནས་ཡུག་རེན་ལ་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་མ་ཐུབ་ན། ད་ལྟའི་ཆར་ཡུག་རེན་ནི་ཨ་རིས་ར་ཤི་ཡར་སྤྲད་རྒྱུའི་ལག་རྟགས་ཙམ་དུ་གྱུར་ཟིན། འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་གིས་ཨ་རི་ལ་རེ་བ་ཆེན་པོ་བརྒྱབ་ཡོད་པ་དང། བཙན་བྱོལ་བོད་གཞུང་གིས་རེ་བ་རྒྱག་ཡུལ་གཙོ་བོ་ནི་ཨ་རི་ཡིན། འོན་ཀྱང་ཨ་རི་ནི་རྒྱུ་སྟོབས་ཆེ་བའི་སྲིད་དོན་པ་ཁ་ཤས་ཀྱིས་རང་གཙོའི་ལམ་ལུགས་ཤིག་ཏུ་འཁྲིད་བཞིན་ཡོད་པས་བོད་མི་ལྟ་བུའི་ཉམ་ཆུང་དག་ལ་རེ་བ་གང་ཡང་མེད།

མདོར་ན་ད་ལྟའི་ཆར་ཨ་རི་དང་རྒྱ་ནག་གི་འབྲེལ་བའི་ནང་བོད་དོན་ལ་ཚོང་རྫས་ཀྱི་རིན་ཐང་ཆེན་པོ་གང་ཡང་མེད་པར་གྱུར་ཟིན་པ་ལས། རིན་ཐང་ཅུང་ཙམ་ཡོད་པའི་དབང་དུ་བཏང་ན་ད་ལྟ་ཨ་རིའི་གཞུང་གིས་རྒྱ་གཞུང་ལ་ཁ་བཏགས་ཤིག་གི་ཚབ་ཏུ་སྤྲོད་ངེས་རེད། གོང་དུ་ཨ་རི་དཔེ་མཚོན་དུ་དྲངས་པ་ཙམ་ལས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཕལ་ཆེ་བའི་ཁ་ཕྱོགས་དང་སྲིད་བྱུས་གཅིག་མཚུངས་ལྟ་བུར་གྱུར་ཡོད། བོད་པའི་སྲོལ་རྒྱུན་གྱི་གཏམ་དཔེ་“སྐྱིད་མི་ལ་རེ་ན་ཞག་གཅིག”ཟེར་བ་བཞིན། བོད་དོན་ཐག་གཅོད་ཀྱི་སྲིད་བྱུས་ཨ་རི་སོགས་སྟོབས་ཆེན་རྒྱལ་ཁབ་ཁག་གི་ལངས་ཕྱོགས་དང་བསྟུན་མི་རུང་བ་མ་ཟད། བོད་དོན་ཐག་གཅོད་ནི་བོད་པ་རང་གི་དགོས་མཁོ་འབའ་ཞིག་ལ་བརྟེན་ནས་སྲིད་བྱུས་འཛིན་དགོས་པ་དེ་དུས་ལ་བབ་ཡོད། གལ་སྲིད་ཕྱིའི་རྒྱལ་ཁབ་ཁག་གི་དགོས་མཁོ་དང་བསྟུན་ནས་ཁ་ཕྱོགས་ཤིག་བཙལ་བ་ཡིན་ནའང་བཙན་བྱོལ་བོད་མིའི་གནས་སྐབས་ཀྱི་འཚོ་ཐབས་ལ་ཅུང་ཙམ་ཕན་སྲིད་པ་ལས། བོད་སྤྱིའི་གནས་སྟངས་ལ་ཕན་པའི་རེ་བ་གཏན་ནས་མེད།།