སྐྱོན་བརྗོད་དང་སྒྲོ་འདོགས།

ཆེད་བརྗོད།

མི་སྡེའི་སྤྱི་ཚོགས་ཤིག་ལ་མཚོན་ན་དཔྱད་ཞིབ་ཀྱི་ལམ་ནས་བསྟོད་བསྔགས་དང་། སྐྱོན་བརྗོད་བྱེད་པ་ལ་བརྟེན་ནས་དོན་གྱི་བདག་པོ་བསྟོད་བསྔགས་དང་སྐྱོན་བརྗོད་བྱ་ཡུལ་མི་སྣ་དེའི་ངོས་ནས་རང་ཉིད་ལ་སྐྱོན་ཡོད་ན་སྤོང་ཐབས་དང་། ཡོན་ཏན་ཡོད་ན་ཡར་རྒྱས་གཏོང་ཐབས་བྱེད་ཐུབ་ན་གལ་ཆེན་པོ་ཡིན་པ་མ་ཟད། བསྟོད་བསྔགས་དང་སྐྱོན་བརྗོད་དེ་ལ་བརྟེན་ནས་སྤྱི་ཚོགས་ཁྱོན་ཡོངས་སུ་ལེགས་སྤེལ་ཉེས་འགོག་གི་ལམ་སྟོན་ཞིག་ཏུ་འགྱུར་ཐུབ་ན། བསྔགས་བརྗོད་དང་སྐྱོན་བརྗོད་སོགས་རྩོམ་ཡིག་ལ་བརྟེན་ནས་སྤྱི་ཚོགས་ལ་སྨན་པའི་ཞབས་ཞུ་འགྲུབ་པ་རེད། གཞན་རང་ཉིད་མི་དགའ་བ་དེ་རྒྱུ་མཚན་གཙོ་བོར་བཟུང་ནས་མི་ཞིག་ལ་སྐྱོན་བརྗོད་ཀྱི་ཚིག་རྣོན་པོ་གང་མང་བེད་སྤྱོད་བྱས་པ་དང་། རང་ཉིད་དང་འབྲེལ་ཡོད་བསམ་བློ་མཐུན་པ་དག་ལ་ཚིག་སྙན་པོ་འབའ་ཞིག་བེད་སྤྱོད་བྱས་ནས་བསྟོད་ར་བཏང་བ་ནི། བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་རང་བཞིན་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་ལས་དོན་དངོས་སུ་དེ་ལྟ་བུའི་རྩོམ་ཡིག་ལ་བརྟེན་ནས་ཕན་ཐོགས་ཆེན་པོ་ཞིག་ཡོང་རྒྱུའི་རེ་བ་གང་ཡང་མེད།

རྩ་བས་སྤྱི་ཚོགས་གང་ཡང་རུང་བ་ཞིག་ཏུ་ཤུགས་རྐྱེན་ཆེ་བའི་མི་ཞིག་ལ་སྐྱོན་བརྗོད་བྱེད་མཁན་གཏན་ནས་མེད་པའི་སྐབས་སུ། ཡང་ན་མི་དེ་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་གྱི་བདག་ཉིད་ཅིག་ཡིན་དགོས་པ་དང་། ཡང་ན་དབང་ཤུགས་ཆེ་བའི་མི་དེ་ལ་སྐྱོན་བརྗོད་བྱས་ན་མི་དེའམ་དེ་དང་འབྲེལ་ནས་སྤྱི་ཚོགས་ཁྲོད་གནོན་ཤུགས་ཆེན་པོ་ཡོད་པས་ཀྱང་ཡིན་སྲིད་པ་རེད། ད་ལན་བོད་ཀྱི་བང་ཆེན་གསར་ཤོག་ཏུ་བོད་ཀྱི་རྩོམ་པ་པོ་འཇམ་དབྱངས་ནོར་བུའི་རྩོམ་ཡིག་<<ཟམ་གདོང་རིན་པོ་ཆེས་བོད་ཀྱི་རང་དབང་འཐབ་རྩོད་མགོ་རྟིང་བསློགས་པ།>>ཞེས་པའི་རྩོམ་ཡིག་ཅིག་སྤེལ་ཡོད་པ་དང་། དེ་ནི་རྩོམ་ཡིག་སྔོན་མ་ཞིག་གི་སྨད་ཆ་ལྟ་བུར་གྱུར་འདུག སྔོན་མ་རྩོམ་ཡིག་དེ་སྤེལ་སྐབས་རྩོམ་པ་པོས་ངག་ཐོག་ནས་ཀྱང་འགྲེལ་བཤད་ཞིབ་ཕྲ་གསུངས་པའི་ནང་། ཟམ་གདོང་རིན་པོ་ཆེའི་བསམ་བློ་ཡག་པོ་མེད་པ་དང་། དབུས་གཞོན་ནུ་ལྷན་ཚོགས་ཐོག་མ་བཙུགས་པའི་སྐབས་ཚོགས་གཙོ་རུ་འཚང་ཁ་བརྒྱབ་པ། དེའི་ཆེད་དུ་ཆུ་བཞི་སྒང་དྲུག་གི་ཟ་ཁང་དུ་འབྲེལ་ཡོད་རྣམས་དང་གོ་བསྡུར་བྱས་རབས་སོགས་བཤད་འདུག

དེ་བཞིན་རང་བདེན་ཚོགས་ཆུང་བཙུགས་པའི་སྐབས་ཀྱང་ཁོ་རང་གི་བསམ་བློ་མཐུན་པ་རྣམས་བེད་སྤྱོད་བཏང་ནས་བཙན་བྱོལ་བོད་གཞུང་མགོ་རྟིང་སློག་རྒྱུའི་བསམ་བློ་ཡོད་པ། ད་དུང་ཁོང་གིས་སྤེ་ལ་ཀོ་པི་ཀེམ་བཞི་པ་ནས་ཡིན་པའི་མི་ཞིག་ཡོད་པ། ཁོ་རང་གི་མིང་ག་རེ་ཡིན་གོ ཁ་བདེ་པོ་ཞིག་ཡོད་རེད། འོ་ འཇུ་ཆེན་ཐུབ་བསྟན་ཟེར་བ་རེད་སོགས་བཤད་འདུག གང་ལྟར་ཟམ་གདོང་རིན་པོ་ཆེ་གཞོན་ནུའི་ཚོགས་གཙོར་མི་འོས་པའི་རྒྱུ་མཚན་སེར་མོ་བ་ཡིན་པ་དང་། ཁོང་གིས་དེ་ལ་ལྡོག་ཕྱོགས་ནས་ལས་འགུལ་སྤེལ་བ་སོགས་ཀྱང་བཤད་འདུག དོན་དངོས་རང་བདེན་ཚོགས་ཆུང་གི་དམིགས་ཡུལ་བཙན་བྱོལ་བོད་གཞུང་མགོ་རྟིང་སློག་ཆེད་ཡིན་མིན་ཚང་མས་ཤེས་ཐུབ་པ་དང་། བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་སྦེ་ལ་ཀོ་པི་གཞིས་གྲོངས་བཞི་པ་ནས་ཡིན་མིན་ཡང་འཇམ་དབྱངས་ནོར་བུས་མཁྱེན་ངེས་ཀྱང་། “ཆུ་བཞི་སྒང་དྲུག་གི་མགྲོན་ཁང་དུ་འཛོམས་ནས་”ཞེས་དང་། “སྦེ་ལ་ཀོབ་ཀེམ་བཞི་པ་”དང་སྦྱར་ནས་བཤད་ན་ཕྱི་ལོ་༢༠༠༠ ཙམ་ལ་ཤུགས་རྐྱེན་ཅུང་ཙམ་རེ་ཡོད་ཀྱང་། དེང་སྐབས་དེ་ལ་ནུས་པ་གང་ཡང་མེད།

གལ་སྲིད་ཟམ་གདོང་རིན་པོ་ཆེ་སེར་མོ་བ་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་གཞོན་ནུའི་ཚོགས་གཙོར་མི་འོས་ན། ཁོང་གིས་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་ནས་གཞོན་ནུའི་ཚོགས་གཙོ་དང་པོར་བདམ་པ་བཀྲས་མཐོང་བསྟན་འཛིན་དགེ་བྱེད་སེར་མོ་བ་ཡིན་པ་མ་ཟད་གཟན་ཤམ་གྱོན་ནས་གཞོན་ནུའི་ཚོགས་གཙོ་གནང་བ་རེད། ཟམ་གདོང་སེར་མོ་བ་ཡིན་པས་གཞོན་ནུའི་ཚོགས་གཙོར་མི་འོས་པ་དང་། བསྟན་འཛིན་དགེ་བྱེད་སེར་མོ་བ་ཡིན་ཡང་ཚོགས་གཙོར་འོས་པའི་རྒྱུ་མཚན་ནི། བསྟན་འཛིན་དགེ་བྱེད་འཇམ་དབྱངས་ནོར་བུའི་གཅེན་པོ་ཡིན་པ་ཙམ་ལས་གཞན་ཁྱད་པར་མེད། གང་ལྟར་སྐབས་དེ་ཤེད་ནས་བཙན་བྱོལ་ནང་ལྟ་ཕྱོགས་དང་ལངས་ཕྱོགས་མི་འདྲ་བའི་ཐོག་ནས་དཀའ་ངལ་ཆུང་ཙག་མང་པོ་ཞིག་ཡོད་པ་དེ་ཡང་རྩོམ་ཡིག་དེ་དང་། འགྲེལ་བཤད་དེའི་ཞོར་ནས་རྟོགས་ཐུབ་པ་ཞིག་རེད། སྐྱོན་བརྗོད་བྱེད་སྐབས་སྐྱོན་གང་ཡིན་པ་དེ་བརྗོད་དགོས་པ་ལས་རང་ཉིད་ཀྱིས་ནག་པོར་མཐོང་བའི་ཚོགས་པའམ། སྡེ་ཚན་ཞིག་དང་སྦྱར་ནས་མི་ཞིག་ནག་པོ་བཟོ་ཐབས་བྱས་ན་དེ་ལ་རིན་ཐང་གང་ཡང་མེད།

མདོར་ན་ཟམ་གདོང་རིན་པོ་ཆེས་བཀའ་བློན་ཁྲི་པ་གནང་བའི་སྐབས་རྒྱ་དམར་གཞུང་གིས་ཨོ་རྩལ་འགྲན་ཚོགས་རྒྱ་ནག་ཏུ་རྩེད་རྒྱུར་འགལ་རྐྱེན་མི་ཡོང་ཆེད། བོད་རྒྱའི་དབར་འབྲེལ་བ་ཡིན་ལ་མིན་ལ་ཞིག་འགོ་བཙུགས་ཡོད་པ་དང་། རྒྱ་གཞུང་གི་ཆ་རྐྱེན་འོག་བཙན་བྱོལ་ནང་སྟངས་འཛིན་དང་དམ་དྲག་སྣ་ཚོགས་ལ་བརྟེན་ནས་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད་པ་མ་ཟད། བོད་པའི་འཐབ་རྩོད་ཀྱི་བསམ་བློ་དང་། རྒྱ་དམར་གཞུང་ལ་འཁོན་འཛིན་གྱི་བསམ་བློ་ཡོད་པ་དེ་དག་ཐམས་ཅད་ཉམས་དམས་སུ་བཏང་ཡོད་པ་ནི་དངོས་བདེན་ཡིན་པས། རྩོམ་པ་པོ་འཇམ་དབྱངས་ནོར་བུས་གསུངས་པ་དེ་ལ་རྒྱུ་མཚན་ཡོད་ཀྱང་། དེ་མ་ཡིན་པའི་གཞོན་ནུའི་དབུས་རྒྱུན་དུ་བཞེངས་པ་དང་། རང་བདེན་ཚོགས་ཆུང་ཐོག་མར་བཙུགས་པའི་དམིགས་ཡུལ་སོགས་ལའང་རྒྱུ་མཚན་འདྲ་མིན་སྣ་ཚོགས་དང་སྦྱར་ནས་ཚད་ལས་བརྒལ་བའི་སྐུར་འདེབས་བྱས་པ་ནི། བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་རྒྱུན་ལྡན་བྱེད་སྟངས་ཐ་ཤལ་ཞིག་ལས་མི་མང་བློ་སྒོ་འབྱེད་པའི་སྔོན་ཐོན་གྱི་བསམ་བློ་ཞིག་གང་ཡང་མ་རེད་སྙམ།།

Share this:

Leave a Reply