སྐྱོན་བརྗོད་ཡོད་མིན་ལ་མ་ལྟོས་པར་རྒྱ་ནག་ནང་ཁྱི་ཤའི་དུས་ཆེན་འགོ་བཙུགས།

ཟླ་འདིའི་ཚེས་༢༡ ཉིན་རྒྱ་ནག་ནང་དུ་ལོ་རིའི་ཁྱི་ཤའི་དུས་ཆེན་ཞེས་པ་འཚོག་གི་ཡོད་པ་ལྟར། རྒྱལ་སྤྱིའི་ཐོག་ནས་སྐྱོན་བརྗོད་དང་དེ་བཀག་འགོག་བྱེད་ཐབས་འདྲ་མིན་བྱས་ཀྱང། ལོ་འདིའི་ཁྱི་ཤའི་དུས་ཆེན་འགོ་འཛུགས་བྱས་ཡོད་འདུག

13515374_1193677427322791_330499224_nཉིན་༡༠ ཡི་དུས་ཆེན་དེའི་སྐབས། ཁྱི་ཁྲི་གཅིག་ལྷག་བསད་ནས་ཟ་ཡི་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད་པ་དང། ལོ་འདིའི་ནང་དུས་ཆེན་དུ་བཀག་འགོག་བྱེད་ཆེད་དུ་མཚན་རྟགས་ས་ཡ་༡༡ ཙམ་བསྡུ་རུབ་བྱས་ཡོད་འདུག དུས་ཆེན་འཚོགས་ཡུལ་རྒྱ་ནག་གི་ལྷོ་ཕྱོགས་གྲོང་ཁྱེར་ཡུ་ལེན་གྱི་གཞུང་གི་མི་སྣ་ཚོས། དུས་ཆེན་དེར་གཞུང་གིས་རྒྱབ་སྐྱོར་མེད་པ་དང། སྒེར་གྱི་ཚོང་པ་ཚོས་གོ་སྒྲིག་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་འདུག

དུས་ཆེན་སྐབས་སུ་ཁྱི་མང་པོ་ཞིག་ལ་མི་སྤྱོད་ལས་འདས་པའི་གདུག་རྩུབ་ངང་གསོད་ཀྱི་ཡོད་པ་དང། ཁྱི་མང་པོ་ཞིག་གསོན་པོར་ཆུའི་ནང་བཙོ་ཡི་ཡོད་པའི་སྐྱོན་བརྗོད་བྱེད་མཁན་མང་པོ་འདུག་པ་དང། ཁྱི་མང་པོ་ཞིག་རྐུན་མ་བརྒྱབ་ནས་ཁྱེར་ཡོང་གི་ཡོད་འདུག

རྒྱ་ནག་ནང་ཁྱི་ཤ་ཟ་བ་ཁྲིམས་མཐུན་ཡིན་པས། ལོ་ལྟར་ཁྱི་ས་ཡ་༡༠ ཙམ་བསད་ནས་བཟའ་ཡི་ཡོད་འདུག ཉེ་བའི་ཆར་ཁྱི་ཤའི་དུས་ཆེན་དེ་ལ་རྒྱལ་སྤྱིའི་ཐོག་ནས་སྐྱོན་བརྗོད་ཤུགས་ཆེན་བྱས་རྐྱེན། རྒྱ་ནག་ནང་ནས་ཀྱང་དུས་ཆེན་གཏན་དུ་བཀག་སྡོམ་བྱེད་དགོས་པའི་བསམ་ཚུལ་ཡོད་མཁན་མང་པོ་ཡོད་འདུག

རྒྱ་ནག་ནང་གི་སྲོག་ཆགས་བདེ་སྡུག་ཚོགས་པའི་འགན་འཛིན་གྱིས་ “རྒྱལ་སྤྱིའི་ནང་ཡུ་ལེན་གྲོང་ཁྱེར་གྱི་གདུག་རྩུབ་ཅན་གྱི་དུས་ཆེན་དེ་ནི། རྒྱ་མིའི་རིག་གཞུང་གི་ཆ་ཤས་ཡིན་པར་ངོས་འཛིན་ནོར་བ་བྱེད་ཀྱི་ཡོད་པས། ང་ཚོ་ངོ་ཚ་ཡི་འདུག”ཅེས་བརྗོད་འདུག

རྒྱ་གཞུང་གིས་མི་མང་མདུན་དུ་ཁྱི་གསོད་མི་ཆོག་པ་བཟོས་ཡོད་ཁར། གཞུང་གི་ལས་བྱེད་རྣམས་དུས་ཆེན་དེར་བསྐྱོད་མི་ཆོག་པའི་བཀའ་བཏང་ཡོད་པ་དང། བརྒྱུད་ལམ་ཁག་ནང་ཁྱིའི་ཚོང་ལས་ཉམས་རྒུད་འགྲོ་ཡི་ཡོད་སྐོར་བཀོད་ཡོད་འདུག་ཀྱང། ཡུ་ལན་གྱི་ཚོང་པ་ཞིག་གིས་དུས་ཆེན་དེར་རྩོད་རྙོག་བྱུང་རྐྱེན་གྱིས། དུས་ཆེན་དེ་ཁྱབ་བསྒྲགས་ཕྱིན་ནས། མི་མང་པོ་ཁྱི་ཤ་ཟ་བར་ཡོང་གི་ཡོད་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།