སྒེར་གཅོད་ལམ་ལུགས་བསྐྱར་དར།
བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༣༨ ཀྱི་ཆེད་བརྗོད།
འཛམ་བུའི་གླིང་འདིར་མང་གཙོའི་ལམ་ལུགས་ཅན་གྱི་རྒྱལ་ཁབ་མང་པོ་ཞིག་ཡོད་ལ། དམར་པོའི་ལམ་ལུགས་ཅན་གྱི་རྒྱལ་ཁབ་ཀྱང་ཡོད། དུས་རབས་ཉི་ཤུ་པའི་ནང་མང་གཙོ་དང་དམར་ཤོག་གི་ལམ་ལུགས་དབར་ལྟ་བའི་འགལ་ཟླ་ཤུགས་ཆེ་བྱུང་ཞིང། འཁྲུག་ཆེན་གཉིས་པའི་སྔོན་རྗེས་དང། གྲང་དམག་གི་སྐབས་བཅས་སུའང་གཞི་རྩའི་འགལ་བ་མང་པོ་ཞིག་ལམ་ལུགས་འདི་གཉིས་ལ་བརྟེན་ནས་བྱུང་ཡོད་ཅེས་བརྗོད་ཆོག རྩ་བའི་ཆ་ནས་འཁྲུག་ཆེན་གཉིས་པའི་མཇུག་མང་གཙོའི་ལམ་ལུགས་ལ་རྒྱལ་ཁ་ཆེན་པོ་ཐོབ་ཅིང། རིམ་བཞིན་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ཀྱིས་མང་གཙོའི་ལམ་ལུགས་སུ་བསྐྱོད་ཡོད། རྒྱ་ནག་དམར་གཞུང་དང་། བྱང་ཀོ་རི་ཡ་སོགས་རྒྱལ་ཁབ་ཁག་ཅིག་མུ་མཐུད་བཅོས་ལྷད་ཅན་གྱི་དམར་པོའི་ལམ་ལུགས་ཤིག་ཏུ་བསྐྱོད་ཡོད། མང་གཙོའི་རྒྱལ་ཁབ་ཁག་གི་ལག་ལེན་དང་འགྲེལ་བཤད། འཕེལ་རིམ་སོགས་མི་འདྲ་བ་མང་ཡང། མང་གཙོའི་ལམ་ལུགས་སུ་ཤར་བསྐྱོད་བྱེད་བཞིན་པའི་འབོད་སྒྲ་རྒྱུན་ཆད་མྱོང་མེད།
དུས་རབས་ཉེར་གཅིག་པའི་ལོ་རབས་ཉི་ཤུ་པ་ཙམ་ནས་བཟུང་འཛམ་གླིང་སྤྱི་ཡོངས་ནས་འབོད་སྒྲ་མང་གཙོ་ཡིན་མིན་ལ་མ་ལྟོས་པར། འགོ་ཁྲིད་རྣམས་མི་མང་གིས་འོས་བསྡུ་བྱེད་པ་ཙམ་ལས་འཛིན་སྐྱོང་དང་ཐག་གཅོད་བྱེད་ཕྱོགས་མང་པོ་ཞིག་སྲིད་དབང་སྒེར་གཅོད་པ་ལྟ་བུའི་ལམ་ཕྱོགས་སུ་བསྐྱོད་རྒྱུའི་ལམ་སྲོལ་དར་ཡོད། རྒྱ་ནག་ལ་མཚོན་ན་དོན་དམ་པའི་སྲིད་དབང་སྒེར་གཅོད་པའི་རྒྱལ་ཁབ་ཅིག་ཡིན་པ་ལས་མང་གཙོའི་དྲི་མ་ཙམ་ཡང་མེད། སྲིད་འཛིན་ཡང་རང་ཉིད་ཀྱི་འབྲེལ་ཡོད་ཁག་ཅིག་གིས་མིང་འདོན་དང་ཁག་ཅིག་གིས་རྒྱབ་སྐྱོར་གྱི་རྣམ་པ་བསྟན་པ་ཙམ་ལས། མི་མང་ལྟ་ཅི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཟེར་བ་དེར་ཡང་མིང་ཙམ་ལས་ནུས་པ་གང་ཡང་མེད། བར་སྐབས་རྒྱ་ནག་གི་སྲིད་འཛིན་གྱི་དུས་ཡུན་སྐབས་རེར་ལོ་ལྔ་རེ་དང། སྐབས་གཉིས་ལས་བྱེད་མི་ཆོག་པ་བཟོས་ཀྱང་ཞི་ཅིན་ཕིན་ཁོ་རང་གི་དགོས་མཁོ་དང་བསྟུན་ནས་མུ་མཐུད་སྡོད་ཆོག་པ་བཟོས་ནས་ད་ལྟའི་ཆར་ཏང་སྲིད་དམག་གསུམ་གྱི་དབང་ཆ་ཚང་མ་མཁྲེགས་འཛིན་བྱེད་བཞིན་ཡོད།
ར་ཤི་ཡའི་སྲིད་འཛིན་མི་མང་གིས་འོས་བསྡུ་བྱེད་བཞིན་ཡོད་ཀྱང། ཡུན་རིང་སྡོད་ཆོག་པ་ཞིག་པུ་ཊིན་ཁོ་རང་གི་དགོས་མཁོ་དང་བསྟུན་ནས་བཟོས་ཏེ་མུ་མཐུད་སྲིད་དབང་སྒེར་གཅོད་བྱེད་བཞིན་ཡོད། རྒྱ་གར་གྱི་སྲིད་བློན་མོ་ཏི་ཡིས་ཀྱང་སྐབས་གསུམ་མུ་མཐུད་དབང་ཆ་རྒྱུད་འཛིན་བྱེད་བཞིན་པ་དང། ཨ་རིའི་སྲིད་འཛིན་སྐབས་གཉིས་ལས་ལྷག་བྱེད་མི་ཆོག་ཀྱང། ཊོམ་གྱི་རྗེས་འབྲངས་པའམ་ཊོམ་ལ་ངོ་དགའ་བྱེད་མཁན་ཁག་ཅིག་གིས་ཨ་རིའི་དགོས་མཁོ་དང་བསྟུན་ནས་མུ་མཐུད་སྐབས་གསུམ་སྡོད་ཆོག་པ་ཞིག་དགོས་པའི་བསམ་ཚུལ་འདོན་བཞིན་ཡོད་པས། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀར་ཊོམ་གྱི་རྒྱབ་སྐྱོར་བ་མང་བས་མ་འོངས་པར་ཁྲིམས་ལུགས་ལ་བསྐྱར་བཅོས་བྱེད་མི་སྲིད་པ་མ་རེད། སྤྱིར་འགོ་ཁྲིད་མི་མང་གིས་འོས་འདེམས་བྱེད་པ་ཙམ་ལའང་རིན་ཐང་དམིགས་བསལ་ཞིག་ཡོད་ཀྱང། མང་གཙོའི་དགོངས་དོན་གཙོ་བོ་ནི་འོས་བསྡུ་བྱེད་པ་ཙམ་མ་ཡིན་པར་མང་གཙོའི་ལྟ་གྲུབ་དང་མཐུན་པའི་ལས་དོན་དངོས་སུ་ལག་བསྟར་ཚད་ལྡན་ཞིག་ཡོང་དགོས་པ་དེ་ཡིན།
ད་ཆ་མང་གཙོའི་རྒྱལ་ཁབ་ཆེ་ཁག་གིས་ཀྱང་ཕྱིའི་དགྲ་བོ་ལས། ནང་ཁུལ་གྱི་སྲིད་དོན་ཚོགས་པ་ཕན་ཚུན་དགྲ་རུ་འཛིན་པའི་རྣམ་པ་ཧ་ཅང་མང་ལ། རྒྱལ་ཁབ་ཀྱི་རྩ་དོན་ལས་རང་ཉིད་ཀྱི་སྲིད་དོན་ཚོགས་པ་དང་མི་སྒེར་བྱེ་བྲག་པའི་ཁེ་ཕན་གཙོ་བོར་འཛིན་པའི་གནས་སྟངས་ཧ་ཅང་མང། མི་སྒེར་གྱི་འཁོན་འཛིན་ལ་བརྟེན་ནས་གཞུང་གི་དབང་ཆ་བེད་སྤྱོད་ལོག་པར་གཏོང་བ་དང། ཁྲིམས་དཔོན་རྣམས་ཀྱང་ཆབ་སྲིད་པའི་ལག་ཆར་འགྱུར་བཞིན་པའི་སྣང་ཚུལ་ནི་འཛམ་གླིང་གང་སར་མཐོང་རྒྱུ་འདུག གསར་འགྱུར་བརྒྱུད་ལམ་དང་སྤྱི་ཚོགས་དྲ་ལམ་ཆེ་ཁག་ཀྱང་སྲིད་དོན་པའམ་སྲིད་དོན་པ་བྱེ་བྲག་པའི་ཁེ་ཕན་ཆེད་བེད་སྤྱོད་གཏོང་གི་ཡོད་པ་དང། འཛམ་གླིང་ཤར་ནུབ་ཀུན་ཏུ་མང་གཙོ་དང་འདྲ་མཉམ་གྱི་ལྟ་བ་ལ་རིན་ཐང་གང་ཡང་མི་བརྩི་མཁན་གྱི་འགོ་ཁྲིད་མང་དུ་སོང་ནས། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་སྣང་མེད་དུ་གཏོང་རྒྱུའི་ལམ་སྲོལ་ཞིག་བསྐྱར་དར་བྱེད་འགོ་ཚུགས་འདུག་པས། མ་འོངས་པར་རྒྱ་ནག་དང་། ར་ཤི་ཡ་ལྟ་བུ་ཤུགས་རྐྱེན་ཆེ་ཤོས་སུ་འགྱུར་རྒྱུའི་ཉེན་ཁ་འདུག
མདོར་ན་འཁྲུག་ཆ་དོད་པའི་འཛམ་གླིང་གི་འགྱུར་ལྡོག་ཁྲོད་བོད་དོན་འཐབ་རྩོད་ལ་རེ་བ་ཡོད་མེད་དང། བོད་པའི་ངོས་ནས་བྱེད་དགོས་པ་དང་བྱེད་ཐུབ་པ་ག་རེ་ཡོད་མེད་སོགས་ལ་བོད་པའི་སྒྲིག་འཛུགས་ཀྱི་ངོས་ནས་བསྐྱར་ཞིབ་རྒྱ་ཆེན་པོ་ཞིག་བྱེད་མ་ཐུབ་ན། དབུ་མའི་ལམ་གྲངས་གསོག་བྱེད་ཐུབ་པ་ཙམ་གྱིས་དོན་དམ་པའི་ཕན་ཐོགས་གང་ཡང་མེད་པའི་དུས་ཚོད་ཅིག་ཏུ་སླེབས་འདུག ད་ལྟའི་ཆར་ཕན་ཚུན་དད་པ་ཡོད་མེད། དམ་ཚིག་གཙང་མིན་གྱི་ཞྭ་ནག་གཡོག་རྒྱུ་ཙམ་གཙོ་བོར་བཟུང་ནས་དུས་ཚོད་སྐྱེལ་མི་རུང་བར། བོད་མི་རིགས་ཀྱི་འཆི་གསོན་དང། བོད་རྒྱལ་ཁབ་བསྐྱར་གསོ་ཐུབ་མིན་གྱི་འགག་རྩར་ཐུག་ཡོད། བོད་མི་ཚང་མའི་རེ་བ་ཡོད་ཚད་རྫོགས་སོང་ན་མ་འོངས་པར་བོད་མི་རིགས་དེ་མིང་ཙམ་དུ་འགྱུར་རྒྱུ་ཉག་གཅིག་རེད། བོད་ལ་རང་དབང་རང་བཙན་གྱི་གནས་བབས་ཚད་ལྡན་ཞིག་མ་བྱུང་ན་བོད་ཀྱི་ཆོས་དང་རིག་གནས་ཀྱང་རྒྱུད་འཛིན་ཐུབ་ཐབས་མེད་པས། མ་འོངས་པར་མི་རིགས་དང་རྒྱལ་ཁབ་གཙོ་བོར་འཛིན་དགོས་པའི་དུས་ལ་བབ་ཡོད།།