སྒོར་གཞས་རིག་གནས་ཀྱི་གསོན་ཤུགས།

(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༢༠ ཆེད་བརྗོད།)

ད་ལྟའི་ཆར་བོད་ཕྱི་ནང་གཉིས་སུ་བོད་ཀྱི་སྒོར་གཞས་འཁྲབ་རྒྱུ་དར་ཁྱབ་ཧ་ཅང་ཆེན་པོ་ཕྱིན་ཡོད་པ་དང། དེ་ལ་དོ་སྣང་བྱེད་མཁན་དེ་བས་ཀྱང་མང་པོ་ཡོད། བོད་ཕྱི་ནང་གཉིས་སུ་ཁ་རྡུང་གཏོང་མཁན་ཡང་རེ་ཟུང་ཞིག་ཡོད་པ་ནི་ཆོས་ཉིད་རེད། ཁ་ཤས་ཀྱིས་སྤྲང་བྲོ་འཁྲབ་ནས་མགོ་འཁོར་ན་བོད་ཀྱི་རྩ་དོན་འཐབ་རྩོད་ལ་གནོན་སྐྱོན་ཆེ་ཚུལ་དང། བོད་ནང་ནས་དར་བའི་སྒོར་གཞས་ལ་རྒྱ་ནག་གི་རིག་གནས་ཀྱིས་ཤུགས་རྐྱེན་ཆེ་ཚུལ། ལག་པ་འགྱོགས་ཆེ་སོང་ནའང་མི་འགྲིག་པ་སོགས་རྗོད་མཁན་བྱུང་ཡོད། སྐྱོན་བརྗོད་བྱེད་མཁན་དེ་དག་ལ་རང་ངོས་ནས་རྒྱུ་མཚན་དང་གནས་ལུགས་ཤིག་མཐོང་ནས་བརྗོད་པ་ཡིན་པས་འོས་བབས་མེད་པ་མིན་ཡང། འཕྲལ་དང་ཕུགས་གང་ཐད་ནས་བསམ་བློ་བཏང་ཡང་སྒོར་གཞས་དར་ཁྱབ་ཆེན་པོ་སོང་བ་འདིས་གནོད་ལས་ཕན་ཆེ་བ་ནི་བརྗོད་མི་དགོས་པ་རེད། བོད་མི་རང་ཉིད་ཀྱི་རིག་པའི་རྩལ་ལས་ཐོན་ཞིང། བོད་ཀྱི་སྐད་ཡིག་རིག་གནས་ཀྱི་ཐོག་ཏུ་ཡོད་པའི་རིག་གནས་གང་ཡིན་ཡང་སྔ་རྗེས་ཀྱི་ཁྱད་པར་མེད་པར་བོད་ཀྱི་རིག་གནས་ཡིན།

དུས་དང་ཁོར་ཡུག་གི་འགྱུར་ལྡོག་དང་བསྟུན་ནས་མིའི་སེམས་ཁམས་ལ་འགྱུར་བ་འགྲོ་བཞིན་ཡོད་པས། གཞས་ཞབས་བྲོ་སོགས་དམངས་ཁྲོད་རིག་གནས་ལའང་རང་བཞིན་གྱིས་འགྱུར་བ་འགྲོ་བ་ནི་ཆོས་ཉིད་ཡིན་པས། གནའ་སྔ་མོ་ནས་བོད་པའི་སྤྱི་ཚོགས་ནང་དར་བ་མ་གཏོགས་གཞན་རྣམས་བོད་ཀྱི་རིག་གནས་མིན་པར་འདོད་པ་ནི་འཕེལ་རྒྱས་དང་འགྱུར་བ་ངོས་འཛིན་མ་ཐུབ་པ་རེད། གལ་སྲིད་རྒྱལ་ཁབ་དང་མི་རིགས་གཞན་གྱི་རིག་གནས་ཡིན་ཡང། བོད་རང་གི་སྐད་ཡིག་རིག་གནས་ནང་བསྒྱུར་ནས་བོད་ཀྱི་སྤྱི་ཚོགས་ནང་དར་ཁྱབ་ཏུ་གྱུར་ཟིན་པ་ཞིག་ཡིན་ན་དེ་ཡང་བོད་ཀྱི་རིག་གནས་ཡིན། དཔེར་ན་ནང་བསྟན་ཆོས་ལུགས་ལྟ་བུ་རེད། གཞས་དང་ཞབས་བྲོའི་ཕྱོགས་ནས་ཀྱང་བོད་དབུས་ཁུལ་དུ་དར་ཁྱབ་ཧ་ཅང་ཆེ་བའི་ནང་མ་སྟོད་གཞས་ལ་མཚོན་ན་ཐོག་མ་ཀསྨིར་ནས་དར་བའི་ལོ་རྒྱུས་ཡོད་པས། ད་ལྟའི་ཆར་བོད་ཀྱི་དམངས་ཁྲོད་རིག་གནས་ནང་ནས་གལ་ཆེ་ཤོས་ཤིག་ཏུ་གྱུར་ཟིན། 

གནའ་སྔ་མོ་ནས་དར་བའི་གཞས་ཞབས་བྲོ་སོགས་རྒྱུད་འཛིན་དར་སྤེལ་དགོས་པའི་བོད་ཀྱི་རིག་གནས་གལ་ཆེན་ཡིན་ནའང། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞིའི་ཐོག་དུས་ཚོད་དང་མིའི་སེམས་ཁམས་དང་མཐུན་པའི་སྒྱུ་རྩལ་གསར་དར་རིགས་ཀྱང། བོད་ཀྱི་རིག་གནས་བཀྲུས་ན་མ་དག་པ་ཞིག་ཡིན་པ་ནི་བོད་མི་སུ་ཡིན་ཡང་ངོས་འཛིན་བྱེད་དགོས་པ་ཞིག་རེད། བོད་ཀྱི་གྱོན་ཆས་དང་བཟའ་བཏུང་རིག་གནས་ལ་མཚོན་ནའང་དུས་རབས་དང་མཐུན་པའི་འགྱུར་བ་ཆེན་པོ་སོང་དང་འགྲོ་བཞིན་ཡོད་པས། དེ་དག་ཀྱང་བོད་ཀྱི་རིག་གནས་མ་རེད་ཅེས་སུ་གཅིག་གིས་བཤད་དཀའ་བ་ལྟ་བུ་རེད། ད་ལྟ་བོད་ཕྱི་ནང་གཉིས་སུ་དར་ཁྱབ་ཧ་ཅང་ཆེ་བའི་སྒོར་གཞས་ལའང་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞིའི་ཐོག་དེང་དུས་དང་མཐུན་པའི་གསར་གཏོད་བྱས་པའི་སྒྱུ་རྩལ་ཞིག་དང། དེང་དུས་དྲ་རྒྱའི་མཐུན་རྐྱེན་ལ་བརྟེན་ནས་བོད་ཕྱི་ནང་གཉིས་སུ་ཡོད་པའི་སྤྱི་ཚོགས་ཁྲོད། མི་མང་གི་དགའ་ཕྱོགས་དང་བསྟུན་ནས་དར་སྲོལ་ཆེ་ཤོས་སུ་གྱུར་པའི་བོད་ཀྱི་སྒྱུ་རྩལ་རིག་གནས་ཤིག་རེད།

སྒོར་གཞས་ལ་སྐྱོན་བརྗོད་བྱེད་མཁན་མང་པོ་ཞིག་གིས་མི་ཚང་མ་སྒོར་གཞས་ལ་མགོ་འཁོར་བ་ལས། བོད་ཀྱི་སྐད་ཡིག་རིག་གནས་ལ་སྦྱང་བརྩོན་བྱེད་པའམ། ཡང་ན་རྩ་དོན་འཐབ་རྩོད་ཆེད་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་པའི་བསམ་ཚུལ་རྗོད་བཞིན་འདུག་པ་ནི་གནད་དོན་ཧ་ཅང་གལ་ཆེན་པོ་ཡིན། འོན་ཀྱང་སྒོར་གཞས་ཡོངས་ཁྱབ་ཏུ་དར་ཁྱབ་བྱུང་ནས་ལོ་མང་པོ་སོང་མེད་ཅིང། དེའི་སྔོན་མི་མང་པོས་གོང་གསལ་གནད་དོན་དེ་གཉིས་ཀྱི་ཐོག་ལ་གཅིག་གྱུར་གྱིས་ཤུགས་བརྒྱབ་པའི་ལོ་རྒྱུས་མེད་པས། སྒོར་གཞས་ལ་མི་མང་གིས་དང་འདོད་བྱས་མེད་པའི་དབང་དུ་བཏང་ནའང། བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་བོད་ཀྱི་སྐད་ཡིག་རིག་གནས་སྦྱོང་བརྩོན་དང། རྩ་དོན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་མཁན་སྔོན་མ་ལས་མང་དུ་འགྲོ་མི་སྲིད་པ་རེད། ད་ལྟ་སྒོར་གཞས་ལ་མི་འདོད་པའི་རྣམ་འགྱུར་སྟོན་མཁན་དག་གིས་ཀྱང་ཁ་སྟོང་པ་ཙམ་ལས་དུས་རྒྱུན་བོད་ཀྱི་སྐད་ཡིག་རིག་གནས་དང། རྩ་དོན་འཐབ་རྩོད་ཐོག་ལས་འགུལ་སྤེལ་བ་མཐོང་རྒྱུ་མི་འདུག 

མདོར་ན་ད་ལྟའི་ཆར་བོད་ནང་དུ་བོད་ཀྱི་རིག་གནས་རྒྱུད་འཛིན་བྱ་རྒྱུར་འགལ་རྐྱེན་ཧ་ཅང་མང་བས། སྒོར་གཞས་དར་ཁྱབ་ལ་བརྟེན་ནས་བོད་ཀྱི་རིག་གནས་གཞན་ལ་དོ་སྣང་བྱ་རྒྱུར་ཕན་ཐོགས་ཡོད་པ་དང། བཙན་བྱོལ་ནང་བོད་མི་ཚང་མ་ཁ་འཐོར་ནས་གནས་ཡོད་པས་༧གོང་ས་མཆོག་གི་སྐུའི་བླ་གཟའ་ལྷག་དཀར་གྱིས་མཚོན་དུས་ཚོད་ནམ་ཡོད་ལ་མི་མང་འདུ་འཛོམས་ཀྱིས་སྒོར་གཞས་འཁྲབ་སྟོན་བྱས་ན། བོད་ཀྱི་སྐད་ཡིག་རིག་གནས་ལ་དགའ་ཞེན་སླེབ་ཐབས་དང། བོད་ཀྱི་རྩ་དོན་འཐབ་རྩོད་ལ་དོ་སྣང་སླེབས་ཐབས་སུ་ད་ལྟའི་འདི་ལས་ལྷག་པའི་ཐབས་ལམ་གཞན་གང་ཡང་མེད། ཆོས་ཕྱོགས་ནས་བཤད་ན་མཁོ་བ་སྦྱིན་པ་དང། སྙན་པར་སྨྲ་བ། དོན་མཐུན་པ། དོན་སྤྱོད་པ་བཅས་བསྡུ་བའི་དངོས་པོ་བཞི་ལ་བརྟེན་ནས་དོ་སྣང་སླེབ་ཐབས་བྱེད་དགོས་པ་བཞིན། ད་ལྟ་བོད་མི་མང་ཆེ་ཤོས་ཀྱིས་སྒོར་གཞས་ལ་དགའ་པོ་བྱེད་བཞིན་པའི་གོ་སྐབས་འདིར་ཕྱོགས་གང་ཐད་ནས་གཅེས་སྤྲས་དང་དམ་འཛིན་བྱེད་མ་ཐུབ་ན། ང་ཚོའི་མིག་མདུན་དུ་ད་ལྟ་གོ་སྐབས་འདི་ལས་ཆེ་བ་གཞན་ཁག་པོ་རེད།།