སྒྱུ་སྩལ་བ་བསྟན་འཛིན་རིག་གྲོལ་ལ་ཆེ་བསྟོད་ཕྱག་འཁྱེར་ཐོབ་འདུག 

ཨ་རིའི་ཁཱོ་ལོ་ར་ཌོ་(Colorado) གཙུག་ལག་སློབ་གཉེར་ཁང་གི་རང་དབང་ཅན་གྱི་འགན་འཛིན་ལྷན་ཚོགས་ཀྱིས། ཟླ་༥ པའི་ཚེས་༣ ཉིན་བོད་མི་སྒྱུ་རྩལ་བ་བསྟན་འཛིན་རིག་གྲོལ་ལ་ཆེ་བསྟོད་ཀྱི་ཌོག་ཊར་ཕྱག་འཁྱེར་(Honorary Doctorate degree) གནང་འདུག་པ་དང་། ཁོང་ནི་གཙུག་ལག་སློབ་གཉེར་ཁང་དེའི་སློབ་ཟུར་ཡིན་པ་དང་། སྤྱི་ཚོགས་དྲ་ལམ་ཁག་ཏུ་བོད་མི་མང་པོ་ཞིག་གིས་ཁོང་ལ་དགའ་བསུ་མཚམས་འདྲི་ཞུ་བཞིན་འདུག 

རྒྱལ་སྤྱིའི་ནང་སྙན་གྲགས་ཆེ་བའི་རི་མོའི་འགྲེམས་སྟོན་ཁང་(Metropolitan Museum of Art’s) གི་གཏན་འཇགས་འགྲེམས་སྟོན་ཆེད་དུ་བསྟན་འཛིན་རིག་གྲོལ་གྱི་རི་མོའི་བརྩམས་ཆོས་ཉོས་ཡོད་པས། དེ་ནི་རི་མོའི་སྒྱུ་རྩལ་བ་ཞིག་གི་བརྩམས་ཆོས་ལ་ཆེ་མཐོང་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཁར། འགྲེམས་སྟོན་ཁང་དེའི་གཏན་འཇགས་འགྲེམས་སྟོན་བརྩམས་ཆོས་ནང་ཚུད་མཁན་བོད་མི་ཐོག་མར་དེ་ཡང་ཁོང་ཡིན་པ་རེད་འདུག 

ཕྱི་ལོ་༢༠༡༡ ལོར་ཁོང་གིས་དཀའ་ངལ་མང་པོར་གདོང་ལེན་གྱིས་བོད་ནས་ས་ཀི་ལོ་གྷེ་རམ་ཁྲི་གཉིས་འོར་འདྲེན་བྱས་ནས་བཞུགས་སྒར་རྡ་སར་འགྲེམས་སྟོན་བྱས་ཏེ། བོད་མི་ཚོར་རང་སར་རེག་ཐུག་བྱེད་རྒྱུའི་གོ་སྐབས་བསྐྲུན་ནས་ཚོར་སྣང་ཆེན་པོ་སྤྲད་ཡོད་པ་རེད། འགྲེམས་སྟོན་དེས་རྒྱལ་སྤྱིའི་ནང་ཁོང་ལ་དོ་སྣང་ཆེན་པོ་སླེབས་ཡོད་ཁར། ཕྱིས་སུ་ལས་འཆར་དེའི་ཐོག་བཟོས་པའི་དངོས་བྱུང་གློག་བརྙན་ལ་ཡང་རྒྱལ་སྤྱིའི་ནང་ཆེ་མཐོང་ཆེན་པོ་ཐོབ་ཡོད་པ་རེད།

དེ་བཞིན་བོད་པའི་རི་མོ་བ་དང་། གློག་བརྙན་བཟོ་མཁན། རྩོམ་པ་པོ་སོགས་སྒྱུ་རྩལ་བ་ཚོ་འདུ་འཛོམས་དང་འབྲེལ་འདྲིས་ཡོང་ཆེད་ཕྱི་ལོ་༢༠༡༧ ལོར་རྡ་སར་ང་དགུ་སྒྱུ་རྩལ་ཁང་ཞེས་པ་ཞིག་སྒོ་འབྱེད་བྱས་ཡོད་པ་དང་། དེའི་འགན་ཁུར་གཙོ་བོ་ཁོང་གིས་བླངས་ཡོད་པ་དང་། དེ་གར་རི་མོ་འབྲི་མཁན་དང་དེབ་འབྲི་མཁན་ཚོར་སྡོད་གནས་ཀྱི་ཆ་རྐྱེན་བསྐྲུན་ཡོད་ཁར། བོད་མི་སྒྱུ་རྩལ་བ་མང་པོ་ཞིག་ལ་ཕན་ཐོགས་བྱུང་ཡོད་པ་རེད་དེ། ཏོག་དབྱིབས་ནད་ཡམས་ལ་བརྟེན་ནས་འབྱུང་བའི་དཀའ་ངལ་ཁག་ཅིག་ལ་བརྟེན་ནས་སྒྱུ་རྩལ་ཁང་དེ་སྒོ་རྒྱག་དགོས་བྱུང་ཡོད་འདུག 

ཁོང་གི་རི་མོའི་སྒྱུ་རྩལ་གྱི་བརྩམས་ཆོས་རྣམས་ཨ་རི་དང་དབྱིན་ཡུལ། ཧོང་ཀོང་སོགས་རྒྱལ་སྤྱིའི་རྒྱལ་ཁབ་མང་པོ་ཞིག་ནང་འགྲེམས་སྟོན་བྱེད་ཐུབ་ཡོད་པ་དང་། ཁོང་གིས་བྲིས་པའི་དབྱིན་ཡིག་གི་སྙན་ངག་དེབ་གཅིག་བོད་སྨྱུག་ཁང་གིས་པར་སྐྲུན་བྱས་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།