སྒྲིག་གཞི་དང་འགལ་བའི་ཐག་གཅོད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༢༤ ཕྱི་ལོ་ ༢༠༢༠/༡༠/༢༡

ཕྱི་ལོ་༢༠༡༡ ལོར་ཆབ་སྲིད་ཀྱི་དབུ་ཁྲིད་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་འོས་བསྡུ་ཆེན་མོ་གཉིས་ཀྱི་ལས་རིམ་འགོ་འཛུགས་བྱས་ཟིན་པ་རེད། ལོ་འདིར་འོས་བསྡུ་ལས་ཁུངས་ནས་གསལ་བསྒྲགས་སྤེལ་བའི་ནང་། སྔོན་འགྲོའི་འོས་བསྡུ་ཕྱི་ལོ་༢༠༢༡ ཟླ་༡ ཚེས་༣ དང་། དངོས་གཞིའི་འོས་བསྡུ་ཕྱི་ལོ་༢༠༢༡ ཟླ་༤ ཚེས་༡༡ ཉིན་བྱ་རྒྱུ་བཅས་གཏན་ཁེལ་གནང་འདུག བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་མཚོན་ན་མི་འབོར་ཧ་ཅང་ཉུང་བ་མ་ཟད།དེ་ཡང་འཛམ་གླིང་གི་ས་ཕྱོགས་གང་སར་ཁ་འཐོར་ནས་གནས་ཡོད་སྟབས། ཉིན་གཅིག་དུས་གཅིག་གི་འོས་བསྡུ་ཆེན་མོ་འདི་ལ་སྟབས་བདེ་མེད་པ་དང་། འགལ་རྐྱེན་ཡང་མང་པོ་ཞིག་ཡོད་པ་ནི་སྨྲོས་མི་དགོས་པ་རེད། འོན་ཀྱང་༧གོང་ས་མཆོག་གིས་བཙན་བྱོལ་བོད་མི་རྣམས་ལ་མང་གཙོའི་ཐོང་ཐང་གསོལ་རས་བསྩལ་བ་ནས།མི་ལོ་༦༠ ཙམ་གྱི་རིང་གོམ་པ་རིམ་སྤོས་ཀྱིས་ཉམས་མྱོང་བསགས་ཡོད་པ་དང་།ཕྱི་ལོ་༢༠༠༡ ནས་བཟུང་མི་མང་གིས་ཐད་ཀར་བཀའ་བློན་ཁྲི་པ་འོས་བསྡུ་བྱས་པ་རེད།

འོས་འཕེན་པར་དང་བླངས་དཔྱ་ཁྲལ་དུས་ཐོག་གཙང་ཕུལ་ཟིན་པ་དང་། འོས་བསྡུའི་དེབ་སྐྱེལ་ངེས་པར་དགོས་པ་ནི་མེད་ཐབས་མེད་པའི་ཆ་རྐྱེན་ཞིག་ཏུ་གྱུར་ཡོད། ཕྱི་ལོ་༢༠༡༡ ལོའི་སྲིད་སྐྱོང་གི་འོས་བསྡུ་ཆེན་མོའི་སྐབས་ཁྱོན་ཡོངས་ནས་དེབ་སྐྱེལ་བྱེད་མཁན་གྲངས་༨༣༩༩༠ བྱུང་བ་དང་། དངོས་སུ་འོས་འཕེན་མཁན་མི་གྲངས་༤༩༡༨༤ ཡོད་པ་ཕྱི་ལོ་༢༠༡༡ ཟླ་༤ ཚེས་༢༧ ཉིན་དབུས་འོས་བསྡུ་ལས་ཁང་གི་གསལ་བསྒྲགས་སུ་གསལ། ཕྱི་ལོ་༢༠༡༦ ལོའི་སྲིད་སྐྱོང་གི་འོས་བསྡུ་ཆེན་མོའི་སྐབས་དེབ་སྐྱེལ་བྱེད་མཁན་གྲངས་༩༠༣༧༧ བྱུང་བའི་ནང་ནས་འོས་དངོས་སུ་འཕེན་མཁན་གྲངས་༥༩༣༥༣ བྱུང་ཡོད། ཕྱི་ལོ་༢༠༡༦ ཟླ་༤ ཚེས་༢༧ ཉིན་འོས་བསྡུའི་ལས་ཁང་གི་གསལ་བསྒྲགས་སུ་གསལ་ཡོད་པས། ཕྱི་ལོ་༢༠༡༡ ལོར་དེབ་སྐྱེལ་བྱེད་མཁན་ལས་དངོས་སུ་འོས་འཕེན་བརྒྱ་ཆ་༥༨།༥༥ ཙམ་དང། ཕྱི་ལོ་༢༠༡༦ ལོར་དེབ་སྐྱེལ་བྱེད་མཁན་ལས་དངོས་སུ་འོས་འཕེན་མཁན་བརྒྱ་ཆ་༦༥།༦༧ ཙམ་བྱུང་བས། སྐབས་སྔོན་མ་དང་བསྡུར་ན་བརྒྱ་ཆ་༨ ཙམ་འཕར་ཆ་བྱུང་ཡོད།

ལོ་འདིར་འོས་བསྡུའི་དེབ་སྐྱེལ་ཆ་ཚང་གསར་དུ་བྱེད་བཞིན་ཡོད་པས། ཕྱི་ལོ་༢༠༡༡དང་ཕྱི་ལོ་༢༠༡༦ གཉིས་དང་བསྡུར་ན་དེབ་དེབ་འགོད་ཀྱི་གྲངས་འབོར་ཉུང་དུ་འགྲོ་ངེས་ཡིན་པ་དང་། འདས་པའི་ལོ་རྒྱུས་ནང་འོས་བསྡུའི་དེབ་འགོད་ཐེངས་གཅིག་བྱས་ཟིན་ན་བསྐྱར་དུ་བྱེད་མི་དགོས་ལ། དཔེར་ན་ས་གནས་གཅིག་ཏུ་འོས་བསྡུའི་མ་དེབ་ལ་སྣོན་འཕྲི་བསྐྱར་ཞིབ་བྱེད་སྲོལ་ཡོད་ཀྱང་། ཡང་དག་པ་ཞིག་ཡོང་ཐབས་མེད་པར་བཞུགས་སྒར་དྷ་རམ་ས་ལར་མཚོན་ན་སྔོན་མ་འོས་བསྡུའི་དེབ་འགོད་བྱེད་མཁན་གྲངས་ཐོ་མང་ཤོས་ཀྱི་ས་གནས་གྲས་གཅིག་ཡིན་ཡང་། དོན་དངོས་སུ་མི་འབོར་དེ་ལྟ་བུ་ཞིག་དྷ་སར་གཏན་ནས་མེད་པར་འོས་བསྡུའི་དེབ་སྐྱེལ་དང་མི་འབོར་གྱི་གྲངས་ཚད་ཏག་ཏག་ཅིག་མིན། སྔོན་མ་དྷ་སའི་ཁོངས་སུ་དེབ་འགོད་བྱས་པ་གང་ཞིག་དེང་སྐབས་ཕྱི་རྒྱལ་ཡུལ་ཁག་གི་མིང་ཐོའི་ནང་ཡོད་པ་ལྟ་བུའང་མང་པོ་ཡོད་ལ། སྐབས་སྔོན་མ་དག་གི་དེབ་སྐྱེལ་གྱི་གྲངས་འབོར་དང་དངོས་སུ་འོས་འཕེན་པའི་བརྒྱ་ཆ་མཚུངས་བསྡུར་བྱེད་སྲོལ་དེ་ནི་དོན་ལ་གནས་པ་ཞིག་མིན།

ལོ་འདིར་འོས་བསྡུ་ལས་ཁང་གི་གསལ་བསྒྲགས་ནང་། “བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་༡༧།༡༨།༢༠།༢༡ བཅས་ཀྱི་ནང་གསལ་ལྟར་འོས་འཕེན་པའི་མིང་གཞུང་དེབ་འགོད་ཞུ་ཕྱོགས་ཐད། སྒྲིག་གཞི་བསྐྱར་བཅོས་དགོངས་དོན་དང་། བསྐྱར་བཅོས་ཚོགས་ཆུང་གི་རྒྱབ་གཉེར། དུས་ཀྱི་དགོས་མཁོ་སོགས་ལ་གཟིགས་ཏེ་འོས་བསྡུའི་དེབ་སྐྱེལ་གསར་དུ་ཞུ་གཏན་འཁེལ་བ་ཡིན་”ཞེས་གསལ་བ་བཞིན། དོན་དུ་སྔོན་མ་ནས་དེབ་འགོད་ཡོད་པ་ཚང་མར་བསྐྱར་དུ་བྱེད་དགོས་པ་བཟོས་འདུག དེ་ལ་དགོས་པ་དང་རྒྱུ་མཚན་མེད་པ་མིན་ཡང་། ལོ་འདིར་ནད་ཡམས་ཀྱི་རྐྱེན་པས་ཕན་ཚུན་འགྲོ་བསྐྱོད་དཀའ་བ་དང་། དེབ་སྐྱེལ་བྱེད་པའི་དུས་ཡུན་ཡང་ཟླ་གཅིག་དང་ཕྱེད་ཙམ་ལས་མེད་སྟབས། དུས་ཡུན་དེའི་ནང་འོས་འཕེན་པ་ཡོངས་རྫོགས་ཀྱི་དེབ་སྐྱེལ་བྱེད་ཐུབ་པར་འགལ་རྐྱེན་མང་དག་ཅིག་འཕྲད་ངེས་པས། དབུས་འོས་བསྡུ་ལས་ཁང་གི་ཐག་གཅོད་དེ་ནི་དོན་དངོས་དང་འཚམ་པ་ཞིག་ཏུ་གྱུར་ཡོད་མེད་ཀྱང་གང་མགྱོགས་གསལ་པོ་ཤེས་ཐུབ་པ་ཞིག་རེད།

དེ་བས་ཀྱང་གལ་ཆེ་བ་ཞིག་ལ་འོས་བསྡུའི་སྒྲིག་གཞི་དོན་ཚན་༢༡ པའི་ནང་གསེས་༢  པ། “ས་གནས་འོས་བསྡུ་ལས་ཁང་ནས་ཁྱབ་ཁོངས་སོ་སོའི་འོས་འཕེན་པའི་མིང་གཞུང་མ་དེབ་ལ་སྣོན་འཕྲི་དག་བཤེར་བྱེད་པ་ལས། འོས་བསྡུའི་སྐབས་རེ་རེར་དེབ་སྐྱེལ་བསྐྱར་དུ་བྱེད་མི་དགོས།”ཞེས་འོས་བསྡུའི་སྒྲིག་གཞི་དོན་ཚན་༢༡པའི་ནང་གསེས་༢ པ་འདིར། ཕྱི་ལོ་༢༠༠༠ ཟླ་༤ ཚེས་༨ ནས་འགོ་འཛུགས་བྱས་པ་ནས་ད་བར་འགྱུར་བ་གཏན་ནས་འགྲོ་མྱོང་མེད་པས། སྒྲིག་གཞིའི་ནང་འོས་བསྡུའི་སྐབས་རེ་རེར་དེབ་འགོད་བསྐྱར་དུ་བྱེད་མི་དགོས་ཞེས་ཁ་གསལ་འཁོད་ཡོད་བཞིན་བསྐྱར་དུ་དེབ་བྱེད་དགོས་པའི་ཐག་གཅོད་དེར་རྒྱུ་མཚན་དང་དགོས་པ་ཡོད་མེད་ལ་མ་ལྟོས་པར། འོས་བསྡུའི་སྒྲིག་གཞི་དང་རྩ་འགལ་དུ་གྱུར་ཡོད་པ་ནི་ཧ་ཅང་གསལ་པོ་རེད། དེ་ལ་བརྟེན་ནས་ལོ་འདིར་འོས་བསྡུའི་གོ་སྐབས་ལེན་མཁན་ཉུང་དུ་སོང་ན་དེ་བས་ཀྱང་མི་འགྲིག་པས། གནད་དོན་འདི་ནི་དབུས་འོས་བསྡུ་ལས་ཁང་ནས་དགོངས་བཞེས་གནང་དགོས་པའི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད་སྙམ།།