སྒྲིག་གཞིའི་རྩེད་མོ་རྩེ་ས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༦༥ ཕྱི་ལོ་ ༢༠༡༥/༡༠/༢༡
བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་སྲིད་སྐྱོང་འོས་བསྡུ་ལ་དོ་སྣང་ཆེན་པོ་བྱེད་བཞིན་འདུག་པ་དང། ད་བར་ཤེས་རྟོགས་བྱུང་བ་ལྟར་ན་སྲིད་སྐྱོང་བློ་བཟང་སེང་གེ་ལ་ཚད་མཐོའི་རྒྱལ་ཁ་ཐོབ་ཡོད་པར་ཚོད་དཔག་བྱེད་ཐུབ་པ་ཞིག་ཏུ་གྱུར་འདུག ད་ཆ་སྲིད་སྐྱོང་གི་དངོས་གཞིའི་འོས་བསྡུའི་ནང་མི་ག་ཚོད་གཏོང་མིན་ལ་དོ་སྣང་དང་ཐེ་ཚོམ་བྱེད་མཁན་མང་པོ་ཡོད་པ་དང། དབུས་འོས་བསྡུ་ལས་ཁང་ནས་ཀྱང་དེའི་སྐོར་གསལ་བསྒྲགས་ཤིག་སྤེལ་བའི་ནང། “དངོས་གཞིའི་འོས་གཞི་གཉིས་འདོན་རྒྱུ་ཡིན་ཞིང། གལ་སྲིད་གཉིས་པ་དང་གསུམ་པའི་དབར་འོས་ཐོབ་བརྒྱ་ཆ་ཉི་ཤུ་ལས་ཉུང་བ་ཡིན་ཚེ་དངོས་གཞིའི་འོས་གཞི་གསུམ་འདོན་རྒྱུ་ཡིན།”ཞེས་འཁོད་འདུག ཚིག་དེ་གསལ་པོ་དེ་ཙམ་མེད་ནའང་དོན་དུ་དངོས་གཞིའི་འོས་གཞི་གཉིས་པ་དང། གསུམ་པ་གཉིས་ཀྱི་དབར་འོས་ཐོབ་ཀྱི་བར་ཁྱད་བརྒྱ་ཆའི་༢༠ ལས་ཉུང་བ་ཡིན་ཚེ་འོས་གཞི་གསུམ་གཏོང་རྒྱུའི་འཆར་གཞི་ཡིན་པ་འདྲ་ཡང། ཕྱི་ཕྱོགས་ནས་སྐྱོན་བརྗོད་བྱས་པའི་རྗེས་སུ་ཁྱབ་བསྒྲགས་བྱས་པ་དེ་དུས་ཚོད་ཅུང་འཕྱི་དྲགས་པའི་ཚོད་དུ་གྱུར་ཡོད།

སྔོན་མ་བཀའ་བློན་ཁྲི་པའི་འོས་བསྡུ་ཐེངས་གསུམ་གྱི་སྐབས་སུ་ཡོང་མ་མྱོང་བའི་ཐེ་ཚོམ་དང། དོགས་པ་ཆེན་པོ་ཞིག་ཡོད་པ་ནི། ཆབ་སྲིད་ཀྱི་ལངས་ཕྱོགས་མི་གཅིག་པའི་འོས་མི་ཞིག་དངོས་གཞིའི་འོས་གཞིའི་ནང་མི་ཚུད་པའི་ཆེད་དུ་ཐག་གཅོད་ཅིག་བྱེད་སྲིད་པ་ད་རེད། སྤྱིར་འོས་བསྡུའི་སྒྲིག་གཞི་དོན་ཚན་རེ་བདུན་པའི་ནང་གསེས་༤ པའི་ནང། “དགོངས་ཞུའི་རིགས་གྲུབ་རྗེས་སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གཉིས་ལས་མ་ཉུང་བ་གསལ་བསྒྲགས་བྱེད་དགོས་”ཞེས་གསལ་ཡོད་པས། གཉིས་ལས་མ་ཉུང་བ་ཞིག་ཡིན་དགོས་པ་དང། མང་མཐའི་ཚད་གཞི་མེད་དུས་དབུས་འོས་བསྡུ་ལས་ཁང་ནས་སྐབས་མཚམས་སོ་སོར་ཐག་གཅོད་གང་གནང་བ་དེ་སྒྲིག་གཞིའི་དགོངས་དོན་དང་མཐུན་པའི་དབང་ཚད་ཁོ་ན་རུ་གྱུར་ཡོད། དེ་བཞིན་“ཅི་སྟེ་སྲིད་སྐྱོང་གི་དངོས་གཞིའི་འོས་ཐོབ་དང་པོ་དང་གཉིས་པ་འདྲ་མཉམ་བྱུང་ཚེ་སྐབས་མཚམས་ཐག་གཅོད་བྱ་རྒྱུ་”ཞེས་བསྒྲགས་འདུག་ཀྱང། དོན་དུ་འོས་བསྡུའི་སྒྲིག་གཞིའི་ནང་སླར་ཡང་འོས་བསྡུ་དགོས་པ་གསལ་ཡོད་པས་སྐབས་མཚམས་ཐག་གཅོད་དགོས་པ་ཞིག་མིན།

སྔོན་མ་སྤྱི་འཐུས་ཀྱི་འོས་གཞི་དེ་ཡང་ཉིས་ལྡབ་ལས་མ་ཉུང་བ་ཞིག་དགོས་པ་ལྟར། འདས་པའི་ལོ་རྒྱུས་ནང་དབུས་འོས་བསྡུ་ལས་ཁང་ནས་སྐབས་མཚམས་སོ་སོར་གྲངས་མི་འདྲ་བ་མང་པོ་ཞིག་བཀྲམ་མྱོང་བ་དང། དེ་ཡང་འོས་བསྡུའི་འགན་འཛིན་དང་འགན་འཛིན་ལས་འཕར་བཅས་དང་འབྲེལ་བ་ཡོད་པ་ཞིག་ཚུད་དགོས་པའི་རྒྱུ་མཚན་ལ་བརྟེན་ནས་འོས་གཞིའི་གྲངས་ཚད་གཏན་འབེབས་བྱས་པའི་གླེང་ཕྱོགས་ཀྱང་ཡོང་མྱོང་བ་དང། འོས་བསྡུའི་འགན་འཛིན་རྣམ་པའི་ཀུན་སློང་གི་ཐོག་ནས་སྐྱོན་འཛུགས་བྱེད་འོས་པ་དེ་འདྲ་མེད་སྲིད་ནའང། གནང་སྟངས་ཀྱི་ཐོག་ནས་དེ་ལྟར་མཐོང་ཡོང་བའི་སྐབས་སུ་གནད་དོན་འདིའི་རིགས་ལ་སྒྲིག་གཞིའི་ནང་དུ་རྩེད་མོ་རྩེ་ཆོག་པའི་དབང་ཚད་ཡོད་པའི་བསམ་ཚུལ་བྱུང་བ་ལྟར། རྗེས་སུ་སྤྱི་འཐུས་ཀྱི་འོས་གཞི་ཉིས་ལྡབ་ཁོ་ན་གཏོང་དགོས་པའི་སྒྲིག་གཞི་བསྐྱར་བཅོས་བྱས་ཡོད་པ་རེད། འོན་ཀྱང་སྲིད་སྐྱོང་གི་འོས་གཞིའི་གྲངས་ཀ་ག་ཚོད་ཅིག་བཀྲམ་དགོས་མིན་གྱི་མང་མཐའ་ཡང་སྒྲིག་གཞིའི་ཐོག་ནས་གསལ་པོ་བཟོ་ཐུབ་པ་བྱུང་ན་གླན་ཀ་འདི་རིགས་ཡོང་དགོས་དོན་གཏན་ནས་མེད།

གནད་དོན་འདིའི་ཐོག་བོད་པ་ཙམ་མིན་པར་ཕྱིའི་མི་རིགས་ཀྱི་ནང་དུའང་ཐེ་ཚོམ་དང་དོགས་པ་སྐྱེ་མཁན་ཡོད་པར་བརྟེན་མ་འོངས་པར་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཁྲིམས་སྒྲིག་ལ་བསྐྱར་ཞིབ་དགོས་གལ་ཆེ་ལ། སྤྱི་ཚོགས་ནང་མི་གླེང་ཕྱོགས་ཡོད་མཁན་ཞིག་འོས་གཞིར་བཞག་དང་མ་བཞག་གི་གླན་ཀ་ཡོད་རིགས་ལ་འོས་བསྡུ་ལས་ཁང་གིས་ཐག་གཅོད་གསལ་པོ་ཞིག་བྱས་པའི་དབང་དུ་བཏང་ཡང། སྤྱི་ཚོགས་ནང་གི་ལྟ་ཚུལ་དང་གླེང་ཕྱོགས་འགོག་ཐུབ་ཐབས་མེད། དེར་བརྟེན་གནད་དོན་འདིའི་རིགས་ལ་གླེང་ཕྱོགས་བཟོ་ས་མེད་པ་དང། ཕྱོགས་གཅིག་ནས་ཁྲིམས་སྒྲིག་གི་ནང་དུ་རྩེད་མོ་རྩེ་སའི་ཁོར་ཡུག་ལྟ་བུ་ཞིག་ཡོད་པ་ནི། ཡིད་ཆེས་བློས་གཏད་ཁོ་ན་གཞི་རྩར་བཞག་པ་ཞིག་ཏུ་གྱུར་ཡོད་པས། མ་འོངས་པར་ཁྲིམས་ཀྱི་ནང་དུ་བྱེད་བདེ་པོ་ཞིག་བཟོ་ཐུབ་ན་གནད་དོན་འདི་རིགས་ཀྱི་ཐོག་ལ་ཕྱི་ནང་གང་ས་ནས་བལྟ་སྟངས་མི་འདྲ་བ་ཡོང་དགོས་དོན་གཏན་ནས་མེད། དེར་བརྟེན་ལངས་ཕྱོགས་མི་འདྲ་བའི་རྒྱུ་མཚན་ལ་བརྟེན་ནས་ཚོར་བ་རྣོ་བའི་ལྟ་སྟངས་ག་འདྲ་ཞིག་ཡོད་ཀྱང་རང་བཞིན་གྱིས་འགོག་ཐུབ།

འོས་བསྡུ་ལས་ཁང་གི་ལམ་སྟོན་ནང་གཞུང་འབྲེལ་ངོས་ལེན་ཡོད་མེད་ཀྱི་ཚོགས་པའི་ངོས་ནས་འོས་གཞི་ལ་རྒྱབ་སྐྱོར་བྱེད་སྐབས་འགྲོ་སོང་གཏོང་ཕྱོགས་ཀྱི་ཐད་ནས་དབྱེ་འབྱེད་ཡོད་པའི་གནས་ཚུལ་དེ་ཡང་ཕྱི་ནང་གང་ནས་བལྟས་ཀྱང་འོས་འཚམས་སུ་མཐོང་དཀའ་ཞིང། རྒྱུ་མཚན་ཆེན་པོ་མེད་བཞིན་བཙན་བྱོལ་བོད་པའི་མང་གཙོ་ལ་སྐྱོན་འཛུགས་བྱེད་སའི་གཞི་རྩ་ལྟ་བུ་ཆགས་སོང་ན་བློ་ཕམ་རེད། གནད་དོན་འདི་དག་ལ་ཕྱོགས་གང་ས་ནས་བསམ་བློ་ཞིབ་མོ་བཏང་ནས་ཐག་གཅོད་བྱེད་དགོས་ལ། བོད་པའི་ཡིད་ཆེས་དང་དད་པ་གཞི་རྩར་བཞག་པའི་ཐག་གཅོད་ཙམ་མ་ཡིན་པར། འཛམ་གླིང་ཤར་ནུབ་སུའི་ངོས་ནས་བལྟས་ཀྱང་འོས་འཚམ་ཞིག་ཏུ་མཐོང་ཐུབ་པ་བཟོ་དགོས། སྤྱིར་འོས་བསྡུའི་སྒྲིག་གཞིའི་ནང་འོས་འཕེན་པར་ཉིན་གཉིས་ཀྱི་མཚམས་ནས་ཁྱབ་བསྒྲགས་རིགས་བྱེད་མི་ཆོག་ཀྱང། གནད་ཡོད་མི་སྣ་ཁག་ཅིག་གིས་སང་ཉིན་གང་ཟག་ག་གེ་མོ་ལྟ་བུ་ལ་འོས་འཕངས་ན་ཞབས་འདྲེན་རེད་ཅེས་པ་ལྟ་བུ་ཡོངས་ཁྱབ་གནང་འདུག་པ་དག་ལ་ཁྲིམས་ཐོག་ནས་སྟངས་འཛིན་ཡོད་མེད་ཀྱང་བལྟ་དགོས་པ་ཞིག་ཏུ་གྱུར་ཡོད།།