སྔ་འགྱུར་རྙིང་མའི་དབུ་འཛིན་༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་སྐུ་གཤེགས་པ།
སྔ་འགྱུར་རྙིང་མ་པའི་དབུ་འཛིན་ཁྲི་རབས་དྲུག་པ་༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་དེ་རིང་སྔ་མོའི་དུས་སུ་གནས་མཆོག་རྡོ་རྗེ་གདན་ནས་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག
དེ་ཡང་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་དྲུག་པ་རྡོ་བྲག་མཁན་ཟུར་སྐྱབས་རྗེ་༧སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་བཤད་སྒྲུབ་ཉིན་བྱེད་ཕྲིན་ལས་དབང་པོ་མཆོག་ནི། ༧གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོའི་ཞལ་སྔ་ནས། རྒྱལ་བསྟན་བཤ༵ད་དང་སྒྲུབ༵་པས་འཛིན་པ་ལ།། ཆགས་ཐོགས་བྲལ་བ་མཁའ་ལ་ཉིན༵་བྱེད༵་བཞིན།། ཕྲིན༵་ལས༵་བཟང༵་པོའི༵་འགྲོ་བ་སྒྲོལ་བའི་ཚུལ།། མཚོ་སྐྱེས་རྒྱལ་བའི་མཆེད་ཟླར་གསོལ་བ་འདེབས།། ཞེས་ཇི་ལྟར་བསྔགས་པ་དང་། དེ་བཞིན་དུ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས།། ཐུབ་བསྟན་མདོ་སྔགས་རྒྱ་མཚོའི་ཤིང་རྟ་ཆེ།། བཤད་སྒྲུབ་ཉིན་བྱེད་ཕྲིན་ལས་དཔལ་བཟང་པོ།། ཞེས་སོགས་མཁས་གྲུབ་དུ་མས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བའི་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་འདི་ཉིད་ཀྱི་སྐུ་ཕྲེང་དང་པོ་ཀུན་བཟང་ཆོས་སྐུ་ནི། རྡོ་བྲག་མཁན་ཆེན་ཆུ་བཟང་ནམ་མཁའ་ཀློང་ཡངས་ཀྱིས་རྔོག་ཆོས་སྐུ་རྡོ་རྗེའི་སྐྱེས་མཐའ་རུ་ངོས་འཛིན་མཛད། ཡར་འབྲོག་སྟག་ལུང་རྩེ་གྲྭ་ཚང་གསང་སྔགས་ཆོས་གླིང་དུ་དགོན་པའི་ལུགས་སྲོལ་ལྟར་སློབ་སྦྱོང་མཐར་ཕྱིན་ཏེ་དགོན་པ་དེའི་རྡོ་རྗེ་སློབ་དཔོན་དུ་གྱུར་ཅིང་། སྐུ་ཚེའི་སྨད་ལ་སྒྲུབ་པ་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་བས་གྲུབ་པའི་ས་མཐོར་གཤེགས། རྔོག་པའི་ཐུན་མོང་མ་ཡིན་པའི་སྲུང་མ་དཔལ་ལྡན་དུད་སོལ་ལྷ་མོ་བྲན་དུ་བཀོལ་བ་སོགས་གྲུབ་པའི་རྟགས་དུ་མ་མཆིས་པའི་སྐྱེས་བུ་དམ་པ་ཞིག་ཡིན།
དེའི་ཡང་སྲིད་སྤྲུལ་སྐུ་ཐུབ་བསྟན་ཆོས་ཀྱི་ཉི་མ་ཞེས་དགུང་གྲངས་ཉེར་ལྔ་པར་ཞིང་བརྗེས། དེ་ཉིད་ཀྱི་ཡང་སྲིད་སྔ་འགྱུར་རྙིང་མ་པའི་དབུ་འཛིན་ཁྲི་རབས་དྲུག་པ་༧སྐྱབས་རྗེ་བདེ་བར་གཤེགས་པ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་ཉིད་ཡིན། རྗེ་འདི་ཉིད་ཡར་འབྲོག་སྣ་དཀར་རྩེར་ཕུན་ཚོགས་དཀྱིལ་ཁང་ངམ། ཕུན་ཁང་ཞེས་པའི་གྲོང་པར་རིགས་ནི་རྒྱ་གར་ལྷ་མི་གཅིག་གི་རིགས་བརྒྱུད་ལས་ཡབ་རྣམ་རྒྱལ་རྡོ་རྗེ་དང་། མ་ཡུམ་རྡོ་རྗེ་སྒྲོལ་མ་གཉིས་ཀྱི་སྲས་སུ་ཕྱི་ལོ་༡༩༢༦ ལོར་སྐུ་བལྟམས། རིག་འཛིན་སྐུ་ཕྲེང་དགུ་པ་ཐུབ་བསྟན་ཆོས་དབང་མཉམ་ཉིད་རྡོ་རྗེས་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད། དགུང་གྲངས་ལྔ་པ་ཕྱི་ལོ་༡༩༣༡ ལོར་ཡར་འབྲོག་སྟག་ལུང་རྩེ་གྲྭ་ཚང་དུ་སྤྱན་དྲངས། ཆུ་བཟང་མཁན་ཆེན་པདྨ་ངེས་དོན་བསྟན་པའི་ཉི་མར་གཙུག་ཕུད་ཕུལ་བས་བཤད་སྒྲུབ་ཉིན་བྱེད་ཕྲིན་ལས་དབང་པོ་ཞེས་མཚན་གསོལ། སྤྲུལ་སྐུའི་མཚན་དང་གདན་ཐོབ་སོགས་བསྩལ་ཏེ་མཁན་ཆེན་དེ་ཉིད་ལས་བཀའ་ཆོས་མང་པོ་གསན། ཡོངས་འཛིན་ཐུབ་བསྟན་ཡེ་ཤེས་དང་། ཐུབ་བསྟན་དབང་རྒྱལ་གཉིས་ཀྱི་དྲུང་དུ་ཡི་གེ་འབྲི་ཀློག་སོགས་སྦྱངས། དགུང་གྲངས་བརྒྱད་ཀྱི་ཐོག་ཐུབ་བསྟན་རྡོ་རྗེ་བྲག་མ་དགོན་དུ་ཆོས་ཞུགས་དང་ཁྲི་སྟོན་སོགས་བྱས།
ཆོས་རྒྱལ་བྱང་པ་ཡབ་སྲས་ནས་རིམ་པར་བརྒྱུུད་པའི་ཕྱག་བཞེས་གར་དབྱངས་ཐིག་གསུམ། བཅའ་འབུད་རྡུང་གསུམ་སོགས་སྦྱངས། དགུང་གྲངས་བཅུ་གསུམ་པར་སྡོམ་གསུམ་རྣམ་ངེས་སོགས་ལ་སློབ་གཉེར་གནང་། དགུང་གྲངས་བཅུ་བཞི་པར་གྲ་ནང་རྒྱལ་གླིང་དུ་བླ་མ་དཔའ་བོ་རིན་པོ་ཆེའི་སྐུ་དྲུང་དུ་སུམ་རྟགས། ཀ་རི་ཀ གང་བློ་མ། སྤྱོད་འཇུག སོར་མདོ། དབུ་མ་རྩ་བ་ཤེས་རབ། དབུ་མ་འཇུག་པ། དབུ་མ་བཞི་བརྒྱ་པ། བྱམས་ཆོས་སྡེ་ལྔ་སོགས་ལ་སློབ་སྦྱོང་དང་། ཀློང་ཆེན་སྙིང་ཐིག་གི་དབང་དང་ཁྲིད་སོགས་གསན། དགུང་གྲངས་བཅོ་ལྔ་པར་རིག་འཛིན་སྐུ་གོང་མའི་ཞལ་སློབ་མདོ་ཁམས་མགོ་ཚ་མཁནཆེན་ཐེག་མཆོག་བསྟན་འཛིན་ལས། བྱང་གཏེར་གྱི་དབང་ལུང་ཕལ་ཆེ་བ་དང། རྫོགས་ཆེན་དགོངས་པ་ཟང་ཐལ་གྱི་ཁྲིད། ཡང་ཏིག་གཅེས་སྒྲོན་གྱི་ཁྲིད་བཅས་ལེགས་པར་གསན། ཡང་བཱཿགནས་རིན་པོ་ཆེ་ཨོ་རྒྱན་བསྟན་འཛིན་གྱི་སྐུ་དྲུང་དུ་བྱང་གཏེར་སྒྲུབ་སྐོར་རྣམ་གསུམ་གྱི་དབང་དང་། གསང་བ་རྨད་བྱུང་གི་དབང་བཅས་གསན། དགུང་གྲངས་ཉི་ཤུ་པར་སྨིན་གྲོལ་གླིང་དུ་ཞེ་ཆེན་རབ་འབྱམས་སྐུ་ཕྲེང་དྲུག་པ་སྣང་མཛད་གྲུབ་པའི་རྡོ་རྗེ་ལས་རིན་ཆེན་གཏེར་མཛོད་ཀྱི་དབང་ལུང་དང་། བཀའ་བརྒྱད་རྣམ་གསུམ་གྱི་དབང་ལུང་ཡོངས་རྫོགས། སྨིན་གླིང་སྒྲུབ་གྲྭའི་སློབ་དཔོན་ཤེས་རབ་རྒྱ་མཚོ་དང་། ལྷ་ལུང་གསུང་སྤྲུལ་རིན་པོ་ཆེའི་མདུན་ནས། པད་གླིང་ཆོས་སྐོར་ཕལ་ཆེ་བའི་དབང་ལུང། མགོ་ལོག་ཆེ་བོ་རིན་པོ་ཆེ་ལས། ཀློང་ཆེན་མཛོད་མདུན། ངལ་གསོ་སྐོར་གསུམ། གསུང་ཐོར་བུ་བཅས་གསན། མགོ་ཚྭ་མཆོག་སྤྲུལ་རིན་པོ་ཆེ་ལས། བྱང་གཏེར་གཏེར་ཁ་གོང་འོག་ཚང་མའི་དབང་ལུང་ཡོངས་རྫོགས། རིག་འཛིན་པད་ཕྲིན་གྱིས་ཆོག་སྒྲིག་མཛད་པའི་བཀའ་མ་མདོ་དབང་གི་དབང་ལུང་ཆ་ཚང་། སེམས་ཁྲིད་སོགས་མང་པོ་གསན། བར་མཚམས་སུ་བྱང་གཏེར་སྔོན་འགྲོ་དང་སྙིང་ཐིག་སྔོན་འགྲོའི་བསགས་སྦྱང་མཛད། དགུང་གྲངས་ཉེར་གཅིག་ནས་བཟུང་ཐུབ་བསྟན་རྡོ་རྗེ་བྲག་གི་མཁན་ཚབ་ལོ་གཉིས་དང་། དགུང་གྲངས་ཉེར་བཞིའི་ཐོག་ཐུབ་བསྟན་རྡོ་རྗེ་བྲག་གི་མཁན་པོ་རུ་བསྐོ་བཞག་བྱས་པ་བཞིན་ལོ་ངོ་གསུམ་ལྷག་ཐུགས་འགན་བཞེས། སྙེ་མོ་དགོན་དུ་བཀའ་འགྱུར་རིན་པོ་ཆེ་ལས་བཀའ་འགྱུར་གྱི་ལུང་དང་། རྙིང་མ་རྒྱུད་འབུམ་གྱི་ལུང་། མ་ཎི་བཀའ་འབུམ་སོགས་ཀྱི་ལུང་གསན།
ཕྱི་ལོ་༡༩༥༦ ལོར་གནས་བརྟན་སྡེ་པའི་ལུགས་ལྟར་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་༢༥༠༠ འཁོར་བའི་དུས་དྲན་གྱི་མཛད་སྒོ་དང་བསྟུན་ཡབ་ཡུམ་ཉེ་འབྲེལ་རྣམས་དང་ལྷན་རྒྱ་གར་ལ་གནས་སྐོར་དུ་ཕེབས། གནས་སྐོར་གྲུབ་ནས་ཕྱིར་ཀ་ལི་སྤུངས་སུ་ཕེབས་སྐབས། དེར་བཞུགས་འདོད་ཀྱང་ཉེ་འབྲེལ་སོགས་ཀྱི་ངག་ལ་གསན་ནས་བོད་དུ་ཕྱིར་ཕེབས།
ཡར་འབྲོག་སྟག་ལུང་རྩེ་གྲྭ་ཚང་གསང་སྔགས་ཆོས་གླིང་དུ་བོད་ཁམས་སྤྱི་ལ་ཕན་པའི་བསྟན་འགྲོའི་སྐུ་རིམ་དུ་བཀའ་བརྒྱད་དྲག་པོ་རང་ཤར་གྱི་སྒྲུབ་ཆེན་འཚོགས་པའི་དབུ་བཞུགས་གནང་། དགུང་ལོ་སུམ་ཅུ་སོ་གསུམ་ཕྱི་ལོ་༡༩༥༩ ལོའི་བོད་ཟླ་༣ ཚེས་༡ གི་མཚན་མོ་སྐུ་འཁོར་ཁ་ཤས་དང་མཉམ་དུ་རང་ཡུལ་ནས་ལྷོ་བྲག་བརྒྱུད་འབྲུག་བུམ་ཐང་དུ་ཕེབས། རིམ་གྱིས་རྒྱ་གར་དུ་སྐྱབས་བཅོལ་ལ་ཕེབས་ནས་སྦག་ས་རུ་ཟླ་བ་གཅིག་བཞུགས་རྗེས་ཀ་ལི་སྤུངས་སོགས་སུ་ཀརྨ་པ་བཅུ་དྲུག་རིག་པའི་རྡོ་རྗེ་ལས་གདམས་ངག་མཛོད་དང་། བཀའ་བརྒྱུད་སྔགས་མཛོད་ཀྱི་དབང་ལུང་ཆ་ཚང་། ༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་ལས་རིན་ཆེན་གཏེར་མཛོད་ཀྱི་དབང་ཆ་ཚང་ཚར་གཅིག རྙིང་མ་བཀའ་མའི་དབང་ལུང་ཡོངས་རྫོགས། བདུད་འཇོམས་གླིང་པའི་ཆོས་སྐོར་འགའ་རེའི་དབང་ལུང་། སྙིང་ཐིག་ཡ་བཞིའི་དབང་ལུང་ཁྲིད་གསུམ། འཇའ་ཚོན་པོད་དྲུག་སོགས་དབང་ལུང་མང་པོ་གསན། སྤོ་ལུ་མཁན་རིན་པོ་ཆེ་ལས། དབུ་མ་རྒྱན་གྱི་ཁྲིད་དང་སེམས་ཁྲིད་བཅས་གསན། ༧སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་ལས་ཐུགས་སྒྲུབ། བཀའ་བརྒྱད་བདེ་གཤེགས་འདུས་པའི་དབང་ཆེན། བྱང་གཏེར་ཁྲོས་མའི་དབང་ལུང་སོགས་འགའ་ཞིག་གསན། དེ་ལྟར་བཀའ་གཏེར་གྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་ལས་གསན་བཞེས་མཛད་ནས་བྱང་གཏེར་གཙོ་བོར་གྱུར་པའི་ཡི་དམ་རབ་འབྱམས་ཀྱི་བསྙེན་སྒྲུབ་ལས་གསུམ་ལ་གཅིག་ཏུ་གཞོལ་བས་གྲུབ་པའི་ས་མཐོར་གཤེགས།
དགུང་གྲངས་སོ་དྲུག་པར་རྗེ་བྲག་གི་དགོན་ལག་ལ་དྭགས་བྲག་ཐོག་དགོན་དུ་བྱང་གཏེར་གྱི་དབང་ལུང་། ཆོ་ག་ཕྱག་བཞེས་སོགས་རྗེ་ཉིད་ཀྱི་ཕྱག་ཁྲིད་གནང་ཞིང་དགུ་གཏོར་ཚེས་བཅུ་གསར་འཛུགས་དང་གར་དབྱངས་ཐིག་གསུམ་སོགས་བཀའ་དྲིན་བསྐྱངས། འབུམ་དང་། རྙིང་མ་རྒྱུད་འབུམ་བཅས་ཀྱི་ལུང་། བཀའ་མ་མདོ་དབང་གི་དབང་། གཟུངས་འབུལ་ལ་སོགས་བསྟན་པའི་ཞབས་འདེགས་རྒྱ་ཆེར་བསྒྲུབས།
ཕྱི་ལོ་༡༩༨༤ ལོར་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སིམ་ལར་འཕགས་ཡུལ་ཐུབ་བསྟན་རྡོ་རྗེ་བྲག་ཨེ་ཝཾ་ལྕོག་སྒར་གྱི་ཆོས་སྡེ་འདི་ཉིད་གསར་བཞེངས་མཛད་དེ་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་པ། གྲྭ་ཤག སྨྱུང་གནས་ལྷ་ཁང་། གུ་རུ་ལྷ་ཁང་གི་ནང་རྟེན་གསེར་ཟངས་ལས་གྲུབ་པའི་ཨོ་རྒྱན་རིན་པོ་ཆེའི་སྐུ་ཤིན་ཏུ་ཆེན་པོ་དང་བཅས་དང་། བོད་དང་། རྒྱ་གར། བལ་པོ། འབྲུག འབྲས་ལྗོངས། ལ་དྭགས་ལ་སོགས་པ་ནས་ཕེབས་པའི་དགེ་འདུན་འདུས་པའི་སྡེ་ལ་བྱང་གཏེར་གཙོ་བོར་གྱུར་པའི་ཆོས་འཆད་ཉན་དང་། ཆོས་རྒྱལ་བྱང་པ་ཡབ་སྲས་ཀྱི་ཕྱག་སྲོལ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་དྲི་མ་མེད་པའི་གར་དབྱངས་གཏེར་བསྟན་པའི་མེ་རོ་གསོ་བར་མཛད། ཕྱི་ལོ་༡༩༩༢ ཟླ་༨ ཚེས་ ༨ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཞབས་སོར་འཁོད་དེ་སྔ་འགྱུར་གཙུག་ལག་སློབ་གཉེར་ཁང་ཐུབ་བསྟན་རྡོ་རྗེ་བྲག་ཨེ་ཝཾ་ལྕོག་སྒར་གྱི་སྒོ་འབྱེད་རབ་གནས་དང་། རིག་འཛིན་གདུང་སྒྲུབ་ཀྱི་བཀའ་དབང་བཅས་བཀའ་དྲིན་བསྩལ། སྐབས་དེར་ཧི་མ་ཅལ་མངའ་སྡེའི་བློན་ཆེན་སོགས་ཀྱང་ཕེབས་ཡོད་ལ། གཞན་ཡང་ལ་དྭགས་བོད་པའི་གཞིས་གྲོང་དུ་རྡོ་རྗེ་བྲག་གི་དགོན་ལག་རྟེན་དང་བརྟེན་པ་བཅས་གསར་བཞེངས་མཛད།
རྗེ་འདི་ཉིད་ཀྱིས་བྱང་གཏེར་གཙོ་བོར་གྱུར་པའི་ཆོས་བཀའ་ཇི་ལྟར་གནང་བའི་ཚུལ་ནི། འབྲུག་བུམ་ཐང་ལྷོ་བྲག་ནམ་མཁའི་སྙིང་པོའི་དགོན་པར་བྱང་གཏེར་གྱི་དབང་ལུང་ཆ་ཚང་། འབྲས་ལྗོངས་གནམ་རྩེ། བྲག་དཀར་བཀྲ་ཤིས་སྡིངས། རྡོ་རྗེ་གླིང། ཤི་ལི་གུ་རིའི་འཁོར་གདོང་དགོན། བལ་ཡུལ་ཞེ་ཆེན་དགོན། ལ་དྭགས་བྲག་ཐོག་དགོན། ལ་དྭགས་བོད་པའི་གཞིས་གྲོང་གི་རྡོ་བྲག་དགོན། བལ་ཡུལ་ཡང་ལེ་ཤོད་ར་ལོའི་དགོན། ཤར་ཁུམ་བུ། འབྲས་ལྗོངས་སྒང་ཐོག་དགོན་བྱང་དགོན་ལ་སོགས་པར་བྱང་གཏེར་གཙོ་བོར་གྱུར་པའི་དབང་ལུང་མང་དུ་གནང། ཁྱད་པར་རྒྱ་གར་ལྷོ་ཕྱོགས་སྔ་འགྱུར་རྙིང་མའི་གདན་ས་ཆེན་པོ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་༧སྐྱབས་རྗེ་པད་ནོར་རིན་པོ་ཆེའི་བཀའ་དྲིན་ལས། རིན་ཆེན་གཏེར་མཛོད་ཆེན་མོའི་དབང་ལུང་ཡོངས་རྫོགས་ཚར་གཅིག་དང་། དེ་རྗེས་བྱང་གཏེར་རྒོད་ལྡེམ་གྱི་གསུང་ཕལ་ཆེ་བའི་དབང་ལུང་གནང་བ་སོགས་༧སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་མཆོག་གིས་ཀྱང་བླ་མར་བཀུར། དེ་བཞིན་རྫོགས་ཆེན་རིན་པོ་ཆེ། ཞེ་ཆེན་རབ་འབྱམས། སྨིན་གླིང་མཁན་ཆེན། དིལ་མགོ་མཁྱེན་བརྩེའི་ཡང་སྲིད་སོགས་བླ་སྤྲུལ་སྐྱེས་ཆེན་དུ་མ་ཞལ་སློབ་ཏུ་གྱུར། བལ་ཡུལ་གཞལ་པ་དགོན་དུ་རྒྱུད་བཅུ་བཅུ་བདུན་དང་ཀློང་ཆེན་མཛོད་བདུན་གྱི་ལུང། བལ་ཡུལ་མཁས་བཙུན་རིན་པོ་ཆེའི་དགོན་པར་རྙིང་མ་བཀའ་མའི་དབང་ལུང་བཅས་གནང་བ་དང་། ཕྱི་ལོ་༢༠༠༥ ཟླ་༨ ཚེས་༣ ནས་དབུ་བཙུགས་ཏེ་ཇོ་མོ་གླང་མའི་ཉེ་འགྲམ་གུ་རུའི་སྦས་ཡུལ་ཤར་ཁུམ་བུ་ནགས་ཆེ་གསང་སྔགས་ཆོས་གླིང་དུ་བྱང་གཏེར་རིག་འཛིན་རྒོད་ལྡེམ་ཅན་གྱི་གཏེར་ཆོས་རྫོགས་ཆེན་དགོངས་པ་ཟང་ཐལ་གྱི་གཙོས་པའི་བཀའ་དབང་ཡོངས་རྫོགས་གནང་། དགུང་ལོ་བརྒྱད་ཅུ་གྱ་གཉིས་པ་ཕྱི་ལོ་༢༠༠༨ ཟླ་༡༡ ཚེས་༨ ཉིན་ནས་དབུ་བཙུགས་ཏེ་འཕགས་ཡུལ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དུ་སྨིན་གླིང་མཁན་ཆེན་དང་། དིལ་མགོའི་མཁྱེན་བརྩེའི་ཡང་སྲིད་དང་བདུད་འཇོམས་ཡང་སྲིད་རྣམ་གཉིས་ཀྱིས་དབུས་མཁན་སྤྲུལ་དགེ་འདུན་འདུས་པའི་སྡེ་སུམ་སྟོང་ཉེ་བ་ཙམ་ལ་རིན་ཆེན་གཏེར་མཛོད་ཀྱི་བཀའ་དབང་གནང་། ཕྱི་ལོ་ ༢༠༠༩ ཟླ་༣ ཚེས་༢༦ ནས་༢༩ བར་ཉིན་བཞིའི་རིང་གནས་ཆུང་གྲྭ་ཚང་དུ་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་བོད་གཞུང་མཐའ་དབུས་ཀྱི་སྨན་པ་ཡོངས་རྫོགས་ལ་གཡུ་ཐོག་སྙིང་ཐིག་གི་དབང་ལུང་སྨིན་རྒྱས་སུ་བསྩལ།
ལྷག་པར་དུ་རྗེ་འདི་ཉིད་ཀྱིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བླ་ན་མ་མཆིས་པ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་རིན་པོ་ཆེ་མཆོག་ལ་མངའ་དབང་རིན་ཆེན་འབར་བས་གཙོས་བཀའ་དབང་མང་པོ་ཞིག་ཕུལ་ཡོད་པ་སོགས་ཀྱིས་གཙོས་རིས་མེད་ཀྱི་རྒྱལ་བསྟན་འཛིན་པ་མང་པོ་ཞིག་ཁོང་གི་ཞལ་སློབ་ཏུ་གྱུར་ཡོད།
གཞན་ཡང་ཐེ་ཝན་དང་ཡོ་རོབ་སོགས་ཕྱི་རྒྱལ་གྱི་ཡུལ་གྲུ་དུ་མར་ཆིབས་བསྒྱུར་དང་བཀའ་ཆོས་འཆད་སྤེལ་སོགས་བྱང་གཏེར་གྱི་ཆོས་བརྒྱུད་འཛིན་པ་ལ་རྗེ་འདི་ཉིད་བཀའ་དྲིན་འགྲན་ཟླ་དང་བྲལ་བ་ཞིག་ཏུ་གྱུར་ཡོད།
རྗེ་འདི་ཉིད་ཕྱི་སོ་ཐར་གྱི་འདུལ་ཁྲིམས་ལག་ལེན་ལ་ཞིབ་ཆ་ཆེ་ཞིང་རྒྱ་བལ་འབྲུག་གསུམ་གྱི་དགོན་སྡེ་ཁག་མང་པོར་བྱོན་ནས་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་ཞུ་མཁན་དག་ལ་འདུལ་བའི་སྡོམ་རྒྱུན་སྤེལ་ཏེ་བསྟན་རྩ་འདུལ་བ་ལ་བཀའ་དྲིན་ཆེ་དང། འདུལ་བ་དང་མི་འཐུན་པའི་ཕྱག་ལས་རྩ་བ་ཉིད་ནས་གནང་སྲོལ་མེད་པས་དེང་གི་དུས་སུ་ཤིན་ཏུ་དཀོན་པའི་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་ཞིག་ཡིན། ནང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཉམས་སུ་བཞེས་ཤིང་རྟག་ཏུ་གཞན་ཕན་བྱང་ཆུབ་ཀྱི་སེམས་ལ་མངའ་དབང་འབྱོར་བ། གསང་བ་སྔགས་ཀྱི་ཉམས་བཞེས་སྐུ་ཚེ་གང་པོར་གནང་སྟེ་སྔ་འགྱུར་བཀའ་གཏེར་གྱི་དབང་ལུང་ཁྲིད་གསུམ་གྱི་བསྟན་པའི་རྩ་ལག་གཅིག་ཏུ་གྱུར་པ་དང་། ལྷག་པར་དུ་བྱང་གཏེར་རིག་འཛིན་རྒོད་ལྡེམ་ཅན་གྱི་གཏེར་ཆོས་ཉམས་བཞེས་དང་དབང་ལུང་མན་ངག་གི་རྒྱུད་པ་སྤེལ་ནས་སྔ་འགྱུར་བཀའ་གཏེར་བསྟན་པའི་བདག་པོར་གྱུར།