སྔ་འགྱུར་སྨོན་ལམ་ཆེན་མོ་ཐེངས་༢༩ པ་རྡོར་གདན་དུ་འཚོགས།

གནས་མཆོག་རྡོ་རྗེ་གདན་དུ་འཚོགས་བཞིན་པའི་རྒྱལ་ཡོངས་སྔ་འགྱུར་སྨོན་ལམ་ཆེན་མོ་ཐེངས་༢༩ པའི་ཚོགས་མགོན་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གནང་ཡོད་པ་རེད།

ལོ་ལྟར་འཆར་ཅན་འཚོགས་བཞིན་པའི་རྒྱལ་ཡོངས་སྔ་འགྱུར་ཞུ་བདེའི་སྨོན་ལམ་ཆེན་མོ་བོད་ཟླ་༡༢ པའི་ཚེས་༡ ནས་༡༠ བར་འཚོགས་བཞིན་པ་ལྟར། ཕྱི་ལོ༢༠༡༨/༡/༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་༩ པ་མ་ཟིན་ཙམ་ལ་༧གོང་ས་མཆོག་མཆོད་རྟེན་མོར་ཆིབས་བསྒྱུར་གནང་། མཆོད་རྟེན་ཆེན་མོའི་ནུབ་སྒོ་གསུམ་པར་ཕེབས་སྐབས་སྔ་འགྱུར་རྙིང་མ་སྨོན་ལམ་ཆེན་མོའི་རྒྱུན་ལས་ཚོགས་གཙོ་སྨིན་གླིང་མཁན་ཆེན་རིན་པོ་ཆེ་དང་། ཀཿཐོག་དགེ་རྩེ་རིན་པོ་ཆེ། རྣམ་གླིང་མཁན་སྤྲུལ་ཀྱང་ཁང་རིན་པོ་ཆེ། རྙིང་མའི་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་། རྣམ་གྲྭ་མཁན་པོ་སོགས་འབྲེལ་ཡོད་བླ་ཆེན་ཁག་ནས་སྤོས་སྣེས་མདུན་བསུས་ཏེ་མཆོད་རྟེན་ཆེན་མོའི་ནང་གི་སྟོན་པའི་སྐུ་བརྙན་མདུན་སར་༧གོང་ས་མཆོག་ནས་མར་མེ་ཞལ་ཕྱེ་དང་། མེ་ཏོག་ཕུལ་ཏེ་ཐུགས་སྨོན་གནང་རྗེས་བྱང་ཆུབ་ཤིང་དྲུང་དུ་ཚོགས་མགོན་དུ་ཞབས་སོར་འཁོད་མཚམས་སྨོན་ལམ་ཆེན་མོའི་ཚོགས་གཙོས་རྟེན་གསུམ་ཕུལ། གཞན་སྔ་འགྱུར་བའི་བླ་ཆེན་དང་མཁན་སྤྲུལ། བླ་སློབ་དགེ་འདུན་པ་ཁྲི་མ་ཟིན་ཙམ་དང་། དགའ་ལྡན་ཁྲི་རིན་པོ་ཆེ་དང་ཤར་བྱང་ཆོས་རྗེ་རྣམ་གཉིས་གཙོས་མཁན་པོ་དང་མཁན་ཟུར། ཆོས་རིག་བཀའ་བློན་བཅས་ལྷན་བཞུགས་གནང་། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ནས་རྒྱལ་བ་སྐུ་ཕྲེང་རིམ་བྱོན་ལ་བཀའ་དྲིན་ཞུ་ཆེད་ཚོགས་མཆོད་ཅིག་ཀྱང་ཕུལ་འདུག དུས་ཚོད་གཅིག་ཕྱེད་ཙམ་དུ་ཞལ་འདོན་ཐུགས་སྨོན་གནང་ནས་མཛད་རིམ་ཁག་གྲུབ་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།