སྔོན་འགྲོའི་འོས་བསྡུ་དུས་ཐོག་བྱེད་དཀའ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༣༡ ཕྱི་ལོ་ ༢༠༢༠/༡༢/༩

བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་དེ་ཕྱི་ལོ་༢༠༢༡ ཟླ་༡ ཚེས་༣ ཉིན་བྱ་རྒྱུ་ཐག་གཅོད་གཏན་ཁེལ་བྱུང་ཡོད་པ་རེད། སྤྱིར་ད་ལྟའི་དུས་འདིར་བཙན་བྱོལ་བོད་མི་གནས་སྡོད་བྱ་ཡུལ་གཙོ་བོ་རྒྱ་གར་ལ་མཚོན་ན་རྒྱ་ནད་ཀྱི་རྐྱེན་པས་དགུན་ཚོང་དུ་འགྲོ་མཁན་མེད་པར་ཚང་མ་རང་ཁྱིམ་དུ་ཡོད་པའི་དུས་སྐབས་ཤིག་ཡིན། ཕྱི་རྒྱལ་ཡུལ་གྲུ་ཁག་ཀྱང་ད་ལྟའི་ཆར་མུ་མཐུད་ལས་ཀ་བྱ་རྒྱུའི་གོ་སྐབས་དང་ཁོར་ཡུག་ལ་དོ་ཕོག་ཆེན་པོ་ཕྱིན་ནས་ནང་དུ་སྡོད་མཁན་མང་ཙམ་ཡོད་སྲིད་པ་རེད། འོན་ཀྱང་ཏོག་དབྱིབས་རྒྱ་ནད་འདི་ཉིད་འཛམ་གླིང་གི་ཤར་ནུབ་ཀུན་ཏུ་དར་ཁྱབ་ཆེན་པོ་འགྲོ་བཞིན་པས། ཕན་ཚུན་འགྲོ་བསྐྱོད་མི་ཆོག་པའི་དཀའ་ངལ་དང་། འགྲོ་བསྐྱོད་ཆོག་ཀྱང་ནད་ཡམས་འགོས་ཁྱབ་ཀྱི་ཉེན་ཁ་ཆེན་པོ་ཡོད་པའི་དུས་ཚོད་ཅིག་ཏུ་གྱུར་ཡོད་པས། སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་དུས་ཐོག་ཐུབ་མིན་དེ་བཤད་དཀའ་བ་ཞིག་ཏུ་གྱུར་ཡོད། དེར་བརྟེན་ད་ལྟ་ཛ་དྲག་པའི་གནས་སྟངས་ལ་སྤྱི་ཡོངས་ནས་རྟོག་ཞིབ་དང་བསམ་གཞིགས་ནན་མོ་ཞིག་བྱེད་དགོས་པ་ཧ་ཅང་གལ་ཆེ་སྙམ།

རྒྱ་གར་དུ་ཕྱི་ཟླ་༩ པར་ཉིན་རེར་ནད་པ་གསར་པ་ཁྲི་དགུ་ལྷག་ཉིན་ལྟར་བྱུང་ཡོད་པ་དང་བསྡུར་ན་ད་ཆ་གྲངས་ཀའི་ཐོག་ནས་ཉུང་དུ་སོང་ཡོད་ཀྱང་། བོད་པ་གནས་སྡོད་བྱེད་ཡུལ་ས་ཁུལ་ཁག་ཅིག་ལ་ད་ལྟའི་ཆར་ཉེན་ཁ་ཆེ་རུ་སོང་ཡོད། དེ་རིང་ཕྱི་ཟླ་༡༢ ཚེས་༩ ཉིན་ཕྱིར་བསྒྲགས་བྱས་པའི་གྲངས་ཐོ་ལྟར་ན་རྒྱ་གར་རྒྱལ་ཡོངས་སུ་ནད་པ་གསར་པ་༣༢༠༦༧ ཙམ་ཡིན་ནའང་། དཔེ་མཚོན་གཅིག་གི་ཐོག་ནས་བཤད་ན་ཧི་མ་ཅལ་མངའ་སྡེའི་ནང་དུ་དེ་རིང་གཅིག་པུར་ནད་པ་གསར་པ་གྲངས་༥༠༤ བྱུང་ཡོད་པ་དང་། དེ་ཡང་སིམ་ལ་རྫོང་དུ་༡༡༥ མན་ཌི་རྫོང་དུ་༡༡༠ ཀང་ར་རྫོང་དུ་༥༦ བྱུང་ཡོད། ཕྱི་ཚེས་༨ ཉིན་སིམ་ལ་རུ་༡༦༦ མན་ཌི་རུ་༡༤༦ ཀང་ར་རུ་༡༧༡ ཕྱི་ཚེས་༧ ཉིན་སིམ་ལ་རུ་༩༢ མན་ཌི་རུ་༡༠༨ ཀང་ར་རུ་༦༣ བྱུང་ཡོད་པ་བཅས། དེ་རིང་ཙམ་མ་གཏོགས་འདས་པའི་ཉིན་ཤས་ནང་ཧི་མ་ཅལ་ཁུལ་དུ་ཉིན་ལྟར་ནད་པ་གསར་པ་གྲངས་ཆིག་སྟོང་ལ་ཉེ་བ་རེ་འཕར་ཡོད་ཅིང་། གོང་གསལ་རྫོང་ཁག་གསུམ་དུ་བོད་པ་གནས་སྡོད་བྱེད་མཁན་མང་པོ་ཡོད་ལ། ས་གནས་གཞན་དུའང་ཉེན་ཁ་མེད་པ་ཞིག་ཏུ་གྱུར་མེད།

བཙན་བྱོལ་བོད་མི་གནས་སྡོད་བྱེད་ཡུལ་ཆེ་ཤོས་གཉིས་པ་བལ་ཡུལ་དུ་དེ་རིང་ཕྱི་ཚེས་༩ ཉིན་ནད་པ་གསར་པ་གྲངས་༡༣༨༢ ཐོན་འདུག་པ་དང་། རྒྱ་གར་དང་བལ་ཡུལ་གཉིས་ལ་མཚོན་ན་བརྟག་དཔྱད་བྱས་པའི་གྲངས་ཚད་ཉུང་བ་དང་། སྨན་བཅོས་ཀྱི་མཐུན་རྐྱེན་ཡང་འདེང་ངེས་མེད་པས་རྒྱལ་ཁབ་གཞན་དུ་ནད་ཡམས་ཁྱབ་པ་ལས་ཉེན་ཁ་ཆེ་བ་ཡོད། བོད་པ་གནས་སྡོད་བྱེད་ཡུལ་ཕྱིའི་རྒྱལ་ཁབ་ཁག་ཅིག་གི་གྲངས་ཐོར་བལྟས་ན་དེ་རིང་གཅིག་པུར་ཨ་རིར་ནད་པ་གསར་པ་༢༠༡༥༡༧ རྗར་མི་ནི་༡༨༣༡༩ ཨི་ཊ་ལི་༡༤༨༤༢ ཧྥ་རན་སི་༡༣༧༡༣ དབྱིན་ཡུལ་༡༢༢༨༢ ཧོ་ལེན་༦༢༩༢ ཁེ་ན་ཌ་༥༤༡༥ སུད་སི་༤༢༦༢ སྦེལ་རྗམ་༨༥༩ བཅས་བྱུང་ཡོད། གནམ་གཤིས་སོགས་ལ་བརྟེན་ནས་ན་ཚ་ཕོག་མཁན་གྱི་ནང་ནས་གྲོངས་མཁན་མང་དུ་འགྲོ་བཞིན་པས། ནད་ཡམས་འཕར་ཚད་འདི་ལ་བལྟས་ན་ཉིན་ཉི་ཤུ་ཙམ་གྱི་ནང་ཉེན་ཁ་མེད་པ་ཞིག་ཏུ་འགྱུར་དཀའ་བས་དབུས་འོས་བསྡུ་ལས་ཁང་དང་། མི་མང་གི་ངོས་ནས་དགོངས་པ་ངེས་པར་དུ་བཞེས་དགོས་པ་ཞིག་ཏུ་གྱུར་འདུག

སྤྱིར་དབྱིན་ཡུལ་སོགས་ནས་སྔོན་འགོག་གི་སྨན་ཁབ་ཐོན་ཡོད་པ་དང་། གང་མགྱོགས་སྤྱི་ཚོགས་ནང་བེད་སྤྱོད་གཏོང་རྒྱུ་ཡིན་པའི་གནས་ཚུལ་ཡོད་ནའང་། དངོས་སུ་སྨན་ཁབ་དེ་གཞི་རིམ་སྤྱི་ཚོགས་ནང་བེད་སྤྱོད་ཐུབ་པར་དུས་ཚོད་ཟླ་བ་མང་པོ་འགོར་ངེས་པ་མ་ཟད། ཕྱི་ཟླ་དང་པོའི་ཚེས་༣ གྱི་སྔོན་ལ་སྨན་ཁབ་དེ་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་བེད་སྤྱོད་ཐུབ་པའི་རེ་བ་མེད་པ་ནི་ཕྱོགས་གང་ནས་བལྟས་ཀྱང་གསལ་པོར་གྱུར་ཡོད། ད་དུང་རྒྱ་གར་དང་བལ་ཡུལ་ལ་མཚོན་ན་ནད་ཡམས་སྔོན་འགོག་གི་ཐད་ནས་དོ་སྣང་ཆུང་བ་དང་། མཐུན་རྐྱེན་ཞན་པ། ནད་འབུ་ཡོད་མེད་བརྟག་དཔྱད་བྱེད་མཁན་ཧ་ཅང་ཉུང་བ་སོགས་ལ་བརྟེན་ནས་ད་ལྟའི་ཆར་ཕྱིར་བསྒྲགས་བྱས་པའི་གྲངས་ཚད་དང་བསྡུར་ན་ཧ་ཅང་མང་བ་ཡོད་པ་ཚོད་དཔག་བྱེད་ཐུབ་པ་ཞིག་རེད་ལ། ནད་རྟགས་ཐོན་པའི་ནང་དུ་ནད་ཡམས་དེ་འགོས་མེད་མཁན་ཡང་ཡོད་ཚུལ་འདུག གང་ལྟར་ད་ལྟ་གནམ་གཤིས་གྲང་དུ་སོང་ནས་ཆམས་ནད་རིགས་ཀྱིས་གདུང་ཆེ་བའི་དུས་སྐབས་ཤིག་ཡིན་པས་ཉེན་ཁ་དེ་བས་ཆེ་རུ་སོང་ཡོད།

མདོར་ན་རྒྱ་གར་ནང་དུ་འགྲིམ་འགྲུལ་བཀག་སྡོམ་བྱས་མེད་པས་ཡར་མར་འགྲོ་བསྐྱོད་བྱེད་མཁན་མང་བ་དང་། ལྷག་པར་དུ་ཧི་མ་ཅལ་གྱི་ས་ཁུལ་མང་པོ་ཞིག་ཏུ་དགུན་དུས་ཀྱི་ཁོར་ཡུག་ལ་ལྟད་མོ་བལྟ་རུ་ཡོང་མཁན་མང་པོ་ཡོད་པས། ད་ལྟའི་ཆར་ཧི་མ་ཅལ་ཁུལ་དུ་ནད་ཡམས་དེ་འགོས་ཁྱབ་འགྲོ་རྒྱུའི་ཉེན་ཁ་ཆེ་རུ་སོང་ཡོད། ཉེ་བའི་ཉིན་ཤས་སྔོན་རྒྱ་གར་རྒྱལ་ཡོངས་ནས་ནད་ཡམས་དེ་དང་འབྲེལ་བའི་ཐོག་ནས་ཉེན་ཁ་ཆེ་ཤོས་ཀྱི་རྫོང་ཁག་བཅུའི་ནང་ནས། ཉེན་ཁ་ཆེ་ཤོས་ཨང་དང་པོ་སིམ་ལ་དང་། ཨང་བཞི་པ་མན་ཌི། ཨང་བདུན་པ་ཀང་ར་བཅས་ཚུད་ཡོད་ཚུལ་བཀོད་འདུག གནད་དོན་འདི་དག་གི་ཐོག་ནས་འོས་བསྡུ་ཆེན་མོའི་སྐབས་སུ་ནད་ཡམས་འགོས་ཁྱབ་དེ་བས་ཆེ་རུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་མ་ཟད། ཕྱོགས་གཅིག་ནས་ནད་ཡམས་ཀྱི་ཞེད་སྣང་ལ་བརྟེན་ནས་འོས་འཕེན་པ་ཉུང་དུ་འགྲོ་བའི་ཉེན་ཁ་ཡང་ཆེན་པོ་ཡོད། གནད་དོན་འདི་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་པ་ཞིག་ཡིན་པས་དབུས་འོས་བསྡུ་ལས་ཁང་ནས་སྔོན་འགྲོའི་འོས་བསྡུའི་དུས་ཚོད་ལ་འགྱུར་བ་ཞིག་ངེས་པར་དུ་གཏོང་དགོས་ངེས་རེད་སྙམ།།