སྟེང་ཆེན་དུ་ས་ཡོམ་བརྒྱབ་ཡོད་འདུག

བོད་ཆབ་མདོ་ས་ཁུལ་དུ་ས་འགུལ་རིམ་ཚད༥ ༥ ཅན་ཞིག་བརྒྱབ་སྟེ། མི་གྲངས་༦༠ ལྷག་ལ་རྨས་སྐྱོན་བྱུང་བྱུང་ཡོད་པ་དང་། མི་ལ་སྲོག་སྐྱོན་བྱུང་ཡོད་མེད་གནས་ཚུལ་ཁ་གསལ་མེད་པ་རེད།

དེ་ཡང་ཟླ་འདིའི་ཚེས་༡༡ ཉིན་གྱི་བོད་ནང་གི་ཞོགས་པའི་ཆུ་ཚོད་༩.༡༥ ཙམ་ལ་ཆབ་མདོ་སྟེང་ཆེན་སྒྱ་མོ་ཐང་གྲོང་རྡལ་གྱི་ནུབ་བྱང་ལ་རྒྱང་ཐག་ཀི་ལོ་མི་ཏར་༧༠ ཙམ་བར་ཐག་གི་ས་ཁུལ་དུ་ས་འགུལ་རིམ་ཚད་༥.༥ དང་གཏིང་ཚད་ཀི་ལོ་མི་ཊར་༡༠ ཅན་ཞིག་བརྒྱབ་སྟེ། ཁུལ་དེར་ས་ཉུལ་བ། ཁང་པ་ལོག་པ། འགྲུལ་མ་འགག་པ་སོགས་བྱུང་ཡོད་པ་མ་ཟད། མི་གྲངས་༦༠ ལྷག་ལ་རྨས་སྐྱོན་ཕོགས་ཡོད་འདུག

སྟེང་ཆེན་རྫོང་གི་དྲ་རྒྱའི་ཐོག མི་གྲངས་༦ ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་བཀོད་པ་ལས། མི་ཤི་རྨས་དང་ཁང་པ་སོགས་ཀྱི་གཏོར་སྐྱོན་གྱི་ཚད་གཞི་ཏག་ཏག་ཁ་གསལ་པོ་ཞིག་ཁྱབ་བསྒྲགས་བྱས་མི་འདུག

རྒྱ་གཞུང་གི་བརྒྱུད་ལམ་སྟེང། ས་ཁུལ་དེའི་ས་འགུལ་དཔྱད་རིག་དོན་གཅོད་ཁང་གིས་བརྗོད་དོན་ལྟར་ན། ཐེངས་འདིའི་ས་འགུལ་གྱི་ལྟེ་གནས་ནི་སྟེང་ཆེན་ཁ་ཏ་གྲོང་རྡལ་ཡིན་པ་དང། ཁུལ་དེའི་བོད་པའི་མེ་གསོད་རུ་ཁག་གིས་དྲ་ཐོག་ཏུ། ཁ་ཏ་གྲོང་རྡལ་དུ་ཉེན་སྐྱོབ་བྱེད་དུ་འགྲོ་བཞིན་ཡོད་སྐོར་བཀོད་ཡོད་འདུག་ཀྱང། གྲོང་རྡལ་དེའི་ལས་ཁུངས་ཁག་ལ་ཁ་པར་བཏང་བ་རྣམས་ཡ་ལན་སྤྲོད་ཀྱི་མེད་པའི་གནས་ཚུལ་འདུག

ཕྱི་ལོ་༢༠༡༠ ལོར་ཁམས་རྐྱེ་རྒུ་མདོར་ས་འགུལ་བརྒྱབ་ནས། མི་གྲངས་༣༠༠༠ ལྷག་གི་ཚེ་སྲོག་ཤོར་བ་དང། ཁང་པ་སོགས་གཏོར་སྐྱོན་ཆེན་པོ་བྱུང་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།