སྡོད་ཁང་གི་དགོས་མཁོ་དང་འཚོ་ཐབས།

རྩོམ་སྒྲིག་པའི་གཏམ། བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས། ༩༤༦།

བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་སྡོད་ཁང་གི་མཐུན་རྐྱེན་མེད་མཁན་མང་དག་ཅིག་ཡོད་པ་དང་། དེ་ཡང་བོད་ནས་གསར་དུ་འབྱོར་བ་རྣམས་གཙོ་བོ་ཡིན། བོད་ས་ཤོར་བའི་སྐབས་རང་ཉིད་དམ་ཕ་མ་བོད་ནས་འབྱོར་ཡང་ད་ལྟའི་ཆར་སྡོད་གནས་ཀྱི་མཐུན་རྐྱེན་མེད་པའི་རིགས་ཀྱང་གང་ཙམ་ཞིག་ཡོད་ཚོད་འདུག ཐོག་མ་བཙན་བྱོལ་བོད་གཞུང་ལ་ལྡི་ལི་དང་། དྷ་ས། བྷེང་ལོར། བལ་ཡུལ་བཅས་སུ་ས་ཆ་ཡོད་པ་དང་། བོད་ནས་གསར་དུ་འབྱོར་བ་སྡོད་ཁང་སོགས་ཀྱི་མཐུན་རྐྱེན་མེད་མཁན་མང་དག་ཅིག་ཡོད་ནའང་། སྐབས་དེར་རྒྱ་དམར་གཞུང་དང་འབྲེལ་བ་ཡིན་ལ་མིན་ལ། རལ་གྲིའི་སོ་ཡི་སྦྲང་རྩི་ལྟ་བུ་ཞིག་ཡོད་པར་རེ་སྟོང་བཅངས་ཏེ་ས་ཁང་ཕལ་ཆེ་བ་ཧ་ཅང་གོང་ཁེ་པོའི་ཐོག་ནས་ཚོང་བསྒྱུར་གནང་ཟིན་པས་ད་ལྟའི་ཆར་གོང་གསལ་ས་གནས་ལྟ་བུར་ས་ཆ་འཚོལ་སྒྲུབ་བྱེད་དགོས་ན་རིན་གོང་ཧ་ཅང་ཆེ་བ་མ་ཟད། གལ་སྲིད་རིན་འབབ་སྤྲོད་ཐུབ་པའི་དབང་དུ་བཏང་ཡང་ས་ཆ་འཚོལ་སྒྲུབ་མི་ཐུབ་པའི་དཀའ་ངལ་ཡོད་པ་ནི། ང་ཚོའི་མིག་མདུན་གྱི་བཟློག་ཐབས་མེད་པའི་དཀའ་ངལ་ཉག་གཅིག་ཏུ་གྱུར་ཡོད།
སྐབས་དེར་བོད་ནས་གསར་དུ་འབྱོར་བ་རྣམས་ཕྱིར་བོད་དུ་ལོག་དགོས་པ་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ཡིན་པས། མཁས་དབང་ཟམ་གདོང་རིན་པོ་ཆེས་བཀའ་བློན་ཁྲི་པ་གནང་སྐབས་བཀའ་ཤག་ལ་བོད་ནས་གསར་དུ་འབྱོར་བ་རྣམས་ལ་དཔལ་འབྱོར་སྤྱི་ཡོངས་དང་། ལྷག་པར་དུ་སྡོད་ཁང་གི་དཀའ་ངལ་ཆེན་པོ་ཡོད་པས་སྡོད་ཁང་གསར་སྐྲུན་ཐུབ་པའི་ཐབས་ལམ་ཡོད་མེད་བཀའ་འདྲི་ཞུས་ཚེ། རྒྱས་བཤད་མང་པོ་མི་གནང་བར་བོད་ནས་གསར་དུ་འབྱོར་བ་རྣམས་བོད་དུ་ཕྱིར་ལོག་དགོས་པ་ལས། བཙན་བྱོལ་ནང་སྡོད་གནས་བསྐྲུན་རྒྱུའི་སྲིད་བྱུས་མེད་ཅེས་ཚིག་ཐག་ཆོད་པོའི་ཐོག་ནས་ལན་འདེབས་གནང་གི་ཡོད། དེའི་རྗེས་འབུམ་རམས་པ་བློ་བཟང་སེང་གེས་སྲིད་སྐྱོང་གནང་བའི་སྐབས་སྦིར་ལི་ལི་གྲོང་སྡེ་དང་། བདེ་སྐྱིད་གླིང་དུ་དགེ་འཕེལ་གླིང་། སྦེ་ལ་ཀོ་པི་དང་། མོན་གྷོ་ཌ། ཀུ་ལུ་རྫོང་ཁོངས་འབུམ་ཐར་བཅས་སུ་བོད་ནས་གསར་དུ་འབྱོར་བ་རྣམས་ལ་སྡོད་ཁང་གསར་སྐྲུན་གྱི་མཐུན་འགྱུར་སྦྱར་ཡོད། ད་ལྟ་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་དེ་བས་ཀྱང་གཞི་རྒྱ་ཆེ་བའི་ལས་འཆར་ཡོད་འདུག
ད་ལྟའི་ཆར་བོད་ནས་གསར་དུ་འབྱོར་བ་གཙོ་བོར་གྱུར་པའི་རྒྱ་བལ་འབྲུག་གསུམ་དུ་སྡོད་ཁང་གི་མཐུན་རྐྱེན་མེད་མཁན་མི་གྲངས་ཆིག་སྟོང་དགུ་བརྒྱ་ཙམ་ཡོད་ཚུལ་དང་། དེ་དག་ལ་སྡོད་ཁང་བསྐྲུན་པའི་ལས་འཆར་གྱི་འགྲོ་གྲོན་ཨ་སྒོར་ས་ཡ་༤༠ ཡིན་ཚུལ་སྲིད་སྐྱོང་གིས་སྔ་རྗེས་ཡང་ཡང་གསུངས་ཡོད་པ་མ་ཟད། ཕྱི་རྒྱལ་གྱི་སྲིད་གཞུང་ཁག་ལ་འབོད་སྐུལ་ཞུ་བའི་སྐབས་ཀྱང་དེ་ལུགས་གསུང་བཞིན་ཡོད་པ་རེད། བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་སྲིད་གཞུང་མང་པོ་ཞིག་ཡོད་པས་ལྷ་རབ་བྱུང་ན་དཔལ་འབྱོར་འདུ་འགོད་ཀྱི་ཐོག་ནས་གྲུབ་འབྲས་སོན་མི་སྲིད་པ་ཞིག་མིན་ནའང་། ལས་འཆར་འདི་འགྲུབ་པར་དུས་ཡུན་རིང་པོ་འགོར་ངེས་པས། ད་ལྟའི་ཆར་སྡོད་ཁང་གི་མཐུན་རྐྱེན་མེད་ཚུལ་བརྗོད་མཁན་མང་པོ་ཡོད་པའི་ནང་ནས་ལས་གཞི་ལེགས་གྲུབ་བྱུང་བའི་དབང་དུ་བཏང་ན། སྐབས་དེ་དུས་སྔོན་མའི་ཐོ་གཞུང་ནས་ཁྱིམ་ཚང་ག་ཚོད་ཙམ་ལྷག་ཡོད་མེད་བཤད་དཀའ་བ་དང་། ཅིག་བྱས་ན་སྐབས་དེར་སྡོད་ཁང་ཡོད་ཀྱང་སྡོད་མཁན་མེད་པའི་དཀའ་ངལ་ཆེན་པོ་འཕྲད་སྲིད་པས། ད་ལྟ་ནས་བསམ་བློ་གཏོང་དགོས་པའི་གནད་དོན་ཞིག་ཏུ་གྱུར་ཡོད།
ད་ལྟའི་ཆར་སྲིད་སྐྱོང་གིས་གཞིས་ཆགས་ཁག་ཏུ་མི་མེད་པའི་དཀའ་ངལ་དང་། བོད་ནས་གསར་དུ་འབྱོར་བ་གཙོ་བོར་གྱུར་པའི་སྡོད་ཁང་མེད་མཁན་རྣམས་ཀྱི་དཀའ་ངལ་དུས་གཅིག་ཏུ་སེལ་རྒྱུའི་འཆར་གཞི་ཡོད་ཅེས་གསུང་པ་བཞིན། དངོས་སུ་གྲུབ་འབྲས་དེ་ལྟ་བུ་ཐོན་ཐུབ་པའི་སྲིད་བྱུས་ཤིག་ཡོད་ན་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་འོས་པ་ཞིག་ཡིན་ཡང་། ད་ལྟའི་བཀའ་ཤག་གིས་ལས་གཞི་དེ་ཐོག་མ་འགོ་འཛུགས་བྱེད་ཡུལ་ཨོ་རི་ས་གཞིས་ཆགས་ཡིན་པ་དང་། དེའི་ནང་ནས་ཀྱང་ལ་རྒྱབ་ཅེས་པའི་ས་སྟོང་དེར་འཛུགས་སྐྲུན་གནང་རྒྱུ་ཡིན་འདུག ཨོ་རི་ས་གཞིས་ཆགས་ལ་མཚོན་ན་སྡོད་ཁང་ཡག་པོ་ཡོད་མཁན་ཞིག་ཡིན་ཡང་། རང་ཉིད་ཀྱི་ནང་མི་ཚང་མ་ས་གནས་གཞན་དུ་གནས་སྤོས་བྱེད་དགོས་བྱུང་ཚེ། སྡོད་ཁང་གླ་མཁན་མི་རག་པ་མ་ཟད། རིན་མེད་དུ་སྡོད་མཁན་ཡང་རག་དཀའ་བའི་གནས་ཚུལ་ཞིག་ཡོད་པ་དེ་དོན་དངོས་དང་། ད་ལྟའི་ཆར་ས་གནས་གཞན་དུ་ལས་ཀ་བྱེད་མཁན་སྡོད་ཁང་སྟོང་པ་ཆགས་ནས་ཆུད་ཟོས་སུ་འགྲོ་མཁན་ཡང་ཡོད་པས་སྡོད་ཁང་ཡོད་ཀྱང་འཚོ་ཐབས་མེད་པའི་དཀའ་ངལ་ཡོད།
མདོར་ན་དེ་ལྟ་བུའི་ས་གནས་ཁག་ཏུ་སྡོད་ཁང་གི་མཐུན་རྐྱེན་མེད་མཁན་རྣམས་ལ་སྡོད་ཁང་གི་མཐུན་རྐྱེན་སྦྱར་ནའང་། འཚོ་ཐབས་ཀྱི་ཐོག་ནས་དཀའ་ངལ་འཕྲད་ངེས་པས། ཐོག་མ་ས་གནས་དེ་དག་ཏུ་བསྐྱོད་མཁན་ཡོད་པའི་དབང་དུ་ཡང་། ཟླ་ཤས་སམ་ལོ་ཤས་རྗེས་སྡོད་མི་ཐུབ་པའི་དཀའ་ངལ་བྱུང་ན་འཛུགས་སྐྲུན་གྱི་ལས་འཆར་དེ་དག་དོན་མེད་ཆུད་ཟོས་སུ་འགྱུར་ངེས་རེད། ཨོ་རི་སའི་ལ་རྒྱབ་ལ་མཚོན་ན་ཟམ་གདོང་རིན་པོ་ཆེ་དང་། བློ་བཟང་སེང་གེ་གཉིས་ཀའི་བཀའ་ཤག་སྐབས་ཧིན་སྒོར་བྱེ་བ་མང་པོའི་ལས་འཆར་བསྒྲིགས་ཀྱང་ཆུད་ཟོས་སུ་གྱུར་ཡོད་པ་བཞིན། ད་ལྟའི་བཀའ་ཤག་སྐབས་སུ་དེ་བས་ཀྱང་མང་བ་ཆུད་ཟོས་སུ་འགྲོ་རྒྱུའི་ཉེན་ཁ་འདུག དེ་བཞིན་མན་སྤར་གཞིས་ཆགས་སོགས་སུ་ལས་འཆར་འོག་གྲབས་བྱེད་བཞིན་ཡོད་ཚུལ་འདུག་ལ། ལས་གཞི་འདིའི་ཀུན་སློང་བཟང་པོ་ཡིན་ཡང་གྲུབ་འབྲས་བཟང་པོ་ཞིག་ཡོང་རྒྱུ་ཧ་ཅང་དཀའ་ཁག་ཏུ་གྱུར་ཡོད་པས། འཆར་གཞི་ཚད་ལྡན་ཡིན་ཚུལ་གསུངས་པས་མི་ཕན་པར་སྡོད་ཁང་དང་འཚོ་ཐབས་ཀྱི་མཐུན་རྐྱེན་མཉམ་དུ་འགྲོ་ཐབས་བྱེད་དགོས་པ་གལ་ཆེ།།