སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས་ལོ་༥༠ འཁོར་བ།

རྒྱ་གར་བྱང་ཕྱོགས་རྡེ་ར་རྡུན་དུ་ཆགས་པའི་སྤུ་རུ་ཝ་ལ་ས་སྐྱ་བོད་མིའི་གཞིས་ཆགས་བཙུགས་ནས་ལོ་ངོ་༥༠ འཁོར་བ་དང་བསྟུན། ཟླ་༢ པའི་ཚེས་༢༡ ཉིན་༧ས་སྐྱ་གོང་མ་ཁྲི་ཆེན་ལ་བརྟན་བཞུགས་ཕུལ་ཡོད་པ་དང་།  དེར་སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིགས་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས། ས་སྐྱ་ཁྲི་འཛིན་༤༢ པ་རཏྣ་བཛྲ་རིན་པོ་ཆེ་དང་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་གདུང་སྲས་ཛ་ཡཱ་བཛྲ་རིན་པོ་ཆེ། ས་སྐྱའི་བདག་མོ་རྣམ་པ། དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་སྐུ་ཚབ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས། ས་སྐྱའི་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས། དེ་བཞིན་ཕྱི་ནང་སྐུ་མགྲོན་དང་སེར་སྐྱ་མི་མང་བཅས་ཕེབས་ཡོད་འདུག

ས་སྐྱ་ཁྲི་འཛིན་རཏྣ་བཛྲ་རིན་པོ་ཆེས་མཎྜལ་ལྗགས་བཤད་གནང་བ་དང་།། ༧དཔལ་ས་སྐྱ་ཁྲི་ཆེན་རིན་པོ་ཆེ་ལ་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་དང་། སྲིད་སྐྱོང་བློ་བཟང་སེང་གེ། དེ་བཞིན་ས་གནས་མི་མང་བཅས་ནས་རིམ་བཞིན་མནྜལ་སྐུ་གསུང་ཐུགས་རྟེན་གྱི་བརྟན་བཞུགས་འབུལ་ལམ་ཞུས་གྲུབ་མཚམས་སུ། ༧ས་སྐྱ་ཁྲི་ཆེན་གྱིས་སྤུ་རུ་ཝ་ལ་ས་སྐྱ་བོད་མིའི་གཞིས་ཆགས་དབུ་བརྙེས་ཏེ་ལོ་ངོ་༥༠ ཧྲིལ་པོ་འཁོར་བའི་དུས་དྲན་ནམ་རྗེས་དྲན་གྱི་མཛད་སྒོའི་སྐུ་མགྲོན་རྣམ་པར་འཚམས་འདྲི་གནང་བ་དང་། ཁོང་གིས། “གཞིས་ཆགས་ཀྱི་སྐོར་ལ་ཚང་མས་མཁྱེན་གསལ་ལྟར་ཞིབ་ཕྲ་ཞུ་མི་དགོས། སང་ཉིན་དེའི་ཐོག་ཞུ་རྒྱུའི་གོ་སྐབས་ཡོད། བོད་མི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་བླ་ན་མེད་པ་ལ་བརྟེན་ནས། ང་ཚོ་རྒྱ་གར་འཕགས་པའི་ཡུལ་དུ་བག་ཕེབས་ངང་ནས་གནས་ཐུབ་པ་དང་། ཆོས་སྲིད་གཉིས་ཀྱི་ཐོག་ནས་གཞི་རྩ་བཙུགས་ཐུབ་པར་བརྟེན། དུས་ནམ་ཡང་མགོན་པོ་གང་ཉིད་ཀྱི་བཀའ་དྲིན་རྣམས་མ་བརྗེད་པར་སྙིང་དུ་བཅངས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཕྱོགས་མཚུངས་རྒྱ་གར་དབུས་གཞུང་ངམ་མངའ་སྡེའི་གཞུང་། དེ་བཞིན་ས་གནས་མི་མང་། གཞན་ཚང་མས་མཐུན་འགྱུར་རོགས་རམ་གནང་བར་བརྟེན་གཞིས་ཆགས་བཙུགས་ཐུབ་པ་བྱུང་ཡོད། ཐོག་མར་གཞིས་ཆགས་དེ་བཞིན་འགོ་བཙུགས་པའི་སྐབས་འགན་བཞེས་མཁན་གྱི་མི་མང་པོ་ཞིག་ཡོད་པའི་ནང་ནས། འགན་འཛིན་ཐོག་མར་མཐུ་སྟོབས་སྤྲུལ་སྐུ་ལགས་ཀྱིས་གཞིས་ཆགས་ཀྱི་ས་ཆ་འཚོལ་ཞིབ་བྱ་རྒྱུ་དང་། གང་ཅིའི་ཐད་སྐུ་ལས་ཧ་ཅང་བསྐྱོན་གནང་ཡོད། སྐབས་དེར་ཁོང་དང་ལྷན་འབྲེལ་ཡོད་ལས་བྱེད་ཁག་ཅིག་ས་གནས་ཀྱི་ལས་དོན་སླད་ལྡི་ལིར་ཕྱོགས་བསྐྱོད་འགྲོ་བའི་སྐབས་མོ་ཊ་བརྡབ་སྐྱོན་རྐྱེན་པས་གློ་བུར་དུ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་བྱུང་ཡོད། དེ་རྣམས་ང་ཚོས་མི་བརྗེད་པ་བྱེད་དགོས་པ་མ་ཟད་རྗེས་དྲན་ཡང་གནང་དགོས། ད་བར་གཞིས་ཆགས་ནང་འགན་འཛིན་རབ་དང་རིམ་པ་མང་པོ་བྱུང་ཡོད་པ་རྣམས་ཀྱིས་ལས་འགན་ཧུར་ཐག་གནང་ཡོད་པ་རེད། ད་ལྟའི་འགན་འཛིན་ལས་ཐོག་པ་བསྟན་འཛིན་ཀུན་དགའ་ལགས་ནི་ན་གཞོན་དང་ལྷག་བསམ། དེ་བཞིན་ལས་དོན་གང་འདྲ་ཞིག་ཡིན་ནའང་ཧུར་ཐག་ངང་ནས་གནང་བཞིན་པ་རེད། ཕྱོགས་མཚུངས་དོན་གྲུབ་དབང་རྒྱལ་ལགས་ངོ་ཤེས་ཡིན་པ་དང་། དེ་སྔོན་ས་གནས་སུ་འགོ་འཛིན་གནང་བ་ཡིན་སྟབས་ཚང་མས་ཁོང་གི་ལས་དོན་ཡག་པོ་མཁྱེན་གསལ་རེད། ད་བར་གཞིས་ཆགས་ནང་གྲུབ་འབྲས་བཟང་པོ་ཐོན་པ་རྣམས་ས་གནས་མི་མང་ཁྱོན་ཡོངས་ནས་འཕྱར་གྲུ་མཉམ་འདེགས་བྱེད་པར་བརྟེན་ནས་བྱུང་བ་ཞིག་ཡིན། འདས་པའི་ལོ་ངོ་༥༠ ནང་ཡར་རྒྱས་ཕྱིན་པ་དང་། དེ་མིན་ཡར་རྒྱས་གཏོང་དགོས་རྒྱུ་ཐད་མ་འོངས་པར་བསམ་བློ་གཏོང་དགོས། གཞིས་ཆགས་འདི་ཉིད་བཙུགས་དགོས་པའི་དམིགས་ཡུལ་གཙོ་བོ་ནི། མི་མང་གི་འཚོ་བ་དང་། ཤེས་ཡོན། འཕྲོད་བསྟེན་ལ་སོགས་ཡར་རྒྱས་གཏོང་རྒྱུའི་ཆེད་དུ་ཡིན། དེའི་ཐོག་འཐུས་ཤོར་མ་སོང་བར་ང་ཚོའི་འབད་བརྩོན་བྱེད་དགོས། དེ་རིང་བརྟན་བཞུགས་ཟབ་རྒྱས་འབུལ་བ་ལ་བརྟེན་ནས་ཕྲན་རང་ཉིད་ནས་མི་ཚེ་རིང་པོར་འཚོ་ཐུབ་པའི་ཡིད་ཆེས་དང་། བརྟན་པོ་ཡོད། ཚང་མ་ལ་ཐུགས་ལྷོད་པོ་ངང་ནས་བཞུགས་རོགས་གནང་”ཞེས་གསུང་བཤད་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་གསུང་བཤད་གནང་དོན། “སྤུ་རུ་ཝ་ལ་ས་སྐྱ་བོད་མིའི་གཞིས་ཆགས་དབུ་བརྙེས་ནས་ལོ་ངོ་༥༠ ཧྲིལ་པོ་འཁོར་བའི་མཛད་སྒོ་དང་། ༧དཔལ་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་རྒྱས་པ་བསྟར་འབུལ་ཞུས་པའི་མཛད་སྒོར་བཅར་རྒྱུ་བྱུང་བར་བསྐལ་པ་བཟང་པོ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། གོང་དུ་ས་སྐྱ་ཁྲི་འཛིན་མཆོག་གིས་མནྜལ་ལྗགས་བཤད་ནང་གསོལ་བ་བཏབ་པ་གཞིར་བཟུང་༧དཔལ་ས་སྐྱ་གོང་མ་ཁྲི་ཆེན་མཆོག་སྐུ་ཚེ་རིང་པོ་འཚོ་ཐུབ་རྒྱུ་ཡིན་པའི་བཀའ་བཞེས་བཟང་པོ་ཐོབ་པར་བརྟེན་ཧ་ལས་པ་དགའ་པོ་བྱུང་སོང་། དེ་ཡང་མནྜལ་ལྗགས་བཤད་ནང་ཞུས་པ་ལྟར། ༧དཔལ་ས་སྐྱ་གོང་མ་ཁྲི་ཆེན་མཆོག་སྐུ་ཚེ་རིང་པོ་ག་ཚོད་གནས་རུང་བོད་བསྟན་པ་དང་རྩ་དོན། བོད་སྤྱི་པའི་ལས་དོན་ཐོག་ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་རྒྱུ་ཡིན་པ་ངོས་འཛིན་ཞུ་ཡི་ཡོད། ༧ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གི་སྐུ་ཚེའི་ལོ་རྒྱུས་ནང་གསལ་ལྟར། བོད་ཁ་བ་ཅན་ནས་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་ཕེབས་པ་ནས་བཟུང་ད་བར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་ཉམས་ལེན་དང་ཕྱག་བསྟར་གནང་སྟེ་ཕེབས་བཞིན་ཡོད། ཕྱོགས་མཚུངས་འཛམ་གླིང་ས་ཕྱོགས་གང་སར་ཞབས་སོར་འཁོད་སྐབས་བསྟན་པ་དར་སྤེལ་དང་། ཞི་བདེ་ཁྱབ་སྤེལ་བྱེད་བཞིན་པར་བརྟེན་རླབས་ཆེན་གྱི་བླ་ཆེན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། དེ་ཡང་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་ཏེ་མ་དགོན་དང་། བཤད་གྲྭ། མཐོ་སློབ། གཞིས་ཆགས་སྤུ་རུ་ཝ་ལ་གཙོས་པའི་ཆོས་ཚོགས་ཁག་མང་པོ་གསར་བཙུགས་གནང་བར་བརྟེན་ས་སྐྱའི་ཆོས་བརྒྱུད་དེ་བཞིན་དར་སྤེལ་དང་། དམིགས་བསལ་ཧི་མཱ་ལ་ཡ་བལ་ཡུལ་ནང་ས་སྐྱའི་ཆོས་བརྒྱུད་དེ་བཞིན་དར་སྤེལ་དང་བོད་ནང་སླར་གསོ་བྱེད་པ་ནི་དམིགས་བསལ་གྱི་རླབས་ཆེན་གྱི་མཛད་འཕྲིན་ཞིག་རེད་”ཅེས་གསུངས་ནས། དེ་སྔོན་ས་སྐྱ་ཁྲི་འཛིན་མཆོག་གི་ཁྲི་འདོན་མཛད་སྒོའི་སྐབས་དུས་ཚོད་ཀྱི་རྐྱེན་པའི་བཅར་རྒྱུ་བྱུང་མེད་སྐོར་དང་། ས་སྐྱའི་ཁྲི་འཛིན་ལམ་ལུགས་ལེགས་བཅོས་མཛད་རྗེས་སོགས་ཀྱི་སྐོར་གསུང་བཤད་གནང་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།