སྤུན་ཟླའི་ཁ་རྡུང་དང་དྲ་ཐོག་སློབ་ཁྲིད།

སྤུན་ཟླའི་ཁ་རྡུང་དང་དྲ་ཐོག་སློབ་ཁྲིད།

རྫ་ཚེ་རིང་བཀྲ་ཤིས། 

…….གལ་ཏེ་མི་རིགས་གཞན་པ་ཞིག་གིས་དྲ་ཐོག་ནས་དེ་ལྟར་དོན་མེད་དུ་ཁ་རྡུང་བཏང་ན་ངའི་འཚོ་བ་ལ་དོ་ཕོག་གཏོང་སྲིད་ཀྱང་། སེམས་པ་ལ་དོ་ཕོག་ཆེན་པོ་གཏོང་གི་མ་རེད། 

ངས་ཉེ་ཆར་ནས་ངོ་དེབ་ཐད་གཏོང་འཕྲིན་ལམ་ནས་བདུན་ཕྲག་རེའི་གཟའ་ལྷག་པ་འཆར་ཅན་ལ་སློབ་ཚན་ཐེངས་རེ་བཤད་བཞིན་པའི་ཁུལ་ཡིན། མ་གཞི་དེ་ནི་ལོ་འགའི་ཡར་སྔོན་ནས་མགོ་བཙུགས་པའི་དྲ་ཐོག་སློབ་ཚན་ཞིག་རྒྱུན་འཐུད་བཞིན་པ་ཙམ་ཡིན། ཉེ་ཆར་ནས་ངོ་དེབ་ཐོག་ཐད་གཏོང་གི་མ་ལག་ཡོད་པས་རྒྱ་རིགས་སློབ་མ་ཚོའི་རེ་བ་བཞིན་ངོ་དེབ་ཐོག་སྤོས་པ་ཡིན། གུས་པའི་ངོ་དེབ་རྗེས་འབྲངས་པ་མི་བདུན་སྟོང་ལྷག་ཙམ་ཞིག་ཡོད་པས་དེའི་ནང་དུ་མི་རིགས་ཀྱང་འདྲ་མིན་སྣ་ཚོགས་རེད། བོད་པ་ཡང་མང་པོ་ཞིག་གིས་དུས་ཐོག་ནས་མཐོང་གིན་ཡོད་ས་རེད། ངོ་དེབ་ཀྱིས་རང་འགུལ་ཟིན་ཐོར་མངོན་པ་ལྟར་ན་བདུན་ཕྲག་འདིའི་སློབ་ཁྲིད་སྐབས་ཆུ་ཚོད་བྱེད་ཀྱི་རིང་ཁོ་ནར་མཉམ་ཞུགས་བྱ་མཁན་ཉིས་བརྒྱ་ལྔ་ཅུ་ཡས་མས་འདུག

བོད་པ་ཆོས་གྲོགས་དང་ངོ་ཤེས་པ་སོགས་ཁག་ཅིག་གིས་རྒྱབ་སྐྱོར་དང་མཉམ་ཞུགས་གནང་མཁན་ཡང་བྱུང་ལ བོད་སྐད་ཐོག་ནས་སློབ་ཚན་ཁྲིད་རྒྱུར་རེ་བ་གནང་མཁན་ཡང་འདུག དེ་ཚོར་དང་ལེན་གང་ཐུབ་ཞུས་པ་ཡིན།  JoHn Wang ཟེར་བའི་མིང་ཅན་གྱི་བོད་པ་ཞིག་གློ་བུར་ཐོན་ནས། ཁོས་འཁྲབ་སྟོན་བྱེད་པ་རེད། གལ་དེ་ཁྱེད་ཚོས་ནང་ཆོས་སློབ་དགོས་ན་རླབས་ཆེན་གྱི་༧རིན་པོ་ཆེའི་མདུན་ནས་སློབ། འདི་ཚོའི་ས་ནས་མ་སློབ། འདི་ཚོ་མགོ་སྐོར་གཏོང་མཁན་རེད་ཅེས་རྒྱ་ཡིག་གིས་ལབ་ཀྱི་འདུག ཁོས་ཐེངས་ཁ་ཤས་ལ་སློབ་ཁྲིད་སྐབས་སུ་དེ་འདྲ་ལབ་ཀྱི་འདུག  ༧རིན་པོ་ཆེ་རླབས་ཆེན་ཡིན་པ་སུས་ཀྱང་ལོས་ཤེས། འོན་ཀྱང་། ཁང་པ་ཆེན་པོ་བཟོ་སར་རྡོ་ལུ་ཆུང་ཆང་དེ་ཚོ་ཡང་གཏན་ནས་བེད་སྤྱོད་མེད་པ་ཞིག་མ་རེད། མ་གཞི་གང་ཐུབ་ཅི་ཐུབ་ཀྱིས་ནང་ཆོས་ངོ་སྤྲོད་བྱེད་པ་དེ་ཡང་རིན་པོ་ཆེའི་དགོངས་པ་གཙོ་བོ་ཞིག་རེད།

རྒྱུ་མཚན་ཅི་ཡང་མེད་པར་བོད་ཡིག་དང་རྒྱ་ཡིག་གཉིས་ཀ་བཀོལ་ནས། མགོ་སྐོར་གཏོང་མཁན་དང་ཁྱེད་ཚོས་ཁོའི་བཤད་པར་མ་ཉན་ཟེར་བ་དང་། ཡང་བོད་པ་གཞན་པ་ཞིག་གིས་དེའི་འོག་ལ་ཁྱེད་རང་གིས་ལབ་པ་བདེན་ཟེར་ནས་ཁོ་ལ་བདེན་ཁ་སྦྱིན་གྱི་འདུག གནས་ཚུལ་འདི་ཐེངས་དང་པོའང་མ་རེད། ནམ་རྒྱུན་རང་གིས་སྤེལ་བའི་རྩོམ་ཡིག་སོགས་སུ་རྒྱ་ཡིག་གིས་ལྡོག་ཕྱོགས་ནས་སྐད་ཆ་བཤད་མཁན་དེ་ཚོ་བོད་པ་རྒྱ་ཡིག་ཕྲན་བུ་ཤེས་མཁན་དེ་འདྲ་རེད། མ་མཐའ་ཕྲན་གྱི་ངོ་དེབ་སོགས་སུ་དེ་འདྲ་རེད།

དེའི་ནང་ནས་རྒྱ་རིགས་དེ་ཚོས་ནི་མཁན་པོ་ལགས་སྐད་ཆ་དེ་རིགས་ཀྱིས་སེམས་པ་མ་ཕམ་ཞེས་སེམས་གསོ་བྱེད་ཀྱི་འདུག་ལ། སེམས་ཁྲལ་ཡང་བྱེད་ཀྱི་འདུག གཅིག་བྱས་ན་བོད་པ་དེ་ཚོས་ང་ལ་ཁ་རྡུང་གཏོང་ཡོང་དུས་ཁོང་ཚོས། བོད་པ་བོད་པར་ཆ་རྒྱུས་ཡོད་ཤག་རེད། དངོས་གནས་འདིས་ང་ཚོ་མགོ་སྐོར་གཏོང་གིན་ཡོད་ས་རེད་ཅེས་བསམ་གྱི་ཡོད་སྲིད།

ཡང་རྒྱ་འགའ་རེས། མཁན་པོ་ལགས། མི་དེ་དག་ཕར་བལྟས་ཚོད་ལ་བོད་པ་རེད་འདུག ཁྱོད་ཀྱིས་ཁོང་ཚོར་དགྲ་བསགས་མེད་དམ་ཞེས་འདྲི་མཁན་ཡང་འདུག ངས་ནི་ངོ་ཙམ་ཡང་མ་ཤེས་ན་དགྲ་ཅི་ལྟར་གསོག

དྲ་ཐོག་གི་མི་གཅིག་ནི་མིང་དང་པར་ཡོངས་རྫོགས་རྫུན་མའི་གནས་སྟངས་འོག་ཡོད་པ་དང་གཞན་ཞིག་ནི་མིང་ལ་དབང་སྒྲོལ་ལྷ་མོ(Wangdol Lhamo)ཞེས་བྲིས་འདུག་ཀྱང་ངོ་ནི་གཏན་ནས་མི་ཤེས།

གལ་ཏེ་ཁོང་བོད་ཡིག་བེད་སྤྱོད་བཏང་ནས་ང་ལ་བསྡིགས་ན་ཁྱད་པར་མི་འདུག་སྟེ། བོད་པ་ཞིག་གིས་རྒྱ་རིགས་དེ་ཚོས་ཐད་གཏོང་མཉན་ནས་འོག་ལ་ཡང་སློབ་ཚན་དང་འབྲེལ་བའི་དྲི་བ་སོགས་ཀྱི་ཞབས་མམཆན་འགོད་བཞིན་པའི་ཡུལ་ངོས་སུ་ཡོང་ནས་ཚད་ལས་བརྒལ་བའི་སྐད་ཆ་བཤད་ཡོང་དུས་སེམས་ལ་དྲན་མ་ཐུབ་པ་འདྲ་ཞིག་དང་། སེམས་ཕམ་པོ་འདྲ་ཞིག་དང་། མི་དེ་ཚོའི་ལུས་ཀྱི་ནང་ལ་སེམས་ཤིག་དང་། མི་ཚུལ་དང་ལར་ཞེན་གྱི་དབང་དུ་བྱས་ནའང་ཕྱི་ནང་གི་དབྱེ་བ་ཅུང་ཟད་ཙམ་རེ་མེད་པ་འདི་ག་འདྲ་ཡིན་ནམ་སྙམ་ནས་ངོ་ཚ་བ་དང་ཡིད་ཕམ་པའི་ཚོར་བ་དངོས་གནས་འདུག

གཅིག་བྱས་ན་རང་ཉིད་མི་རིགས་གཞན་གྱི་ཁོར་ཡུག་དང་རྟག་པར་འབྲེལ་འདྲིས་བྱེད་མཁན་ཞིག་ཡིན་པའི་ཆ་ནས་དེ་བས་ཀྱང་ཡུན་རིང་ཕ་ཡུལ་མ་མཐོང་བའི་མི་ཞིག་གིས་རང་གི་ཕ་ཡུལ་གཅིག་པ་མཐོང་བཞིན་སེམས་ཐག་ཉེ་བའི་ཚོར་བ་ཡན་གར་བ་རེ་བག་ཉལ་དུ་ཡོད་ས་རེད། དེ་འདྲའི་བརྩེ་དུང་དེར་ལྡོག་ཕྱོགས་ཀྱི་སྣང་ཚུལ་མངོན་ཡོང་དུས་བློ་ཕམ་གྱི་ཚོར་བ་དེ་ཡང་གཞན་ལས་སྐྱེན་པོ་ཞིག་ཡོང་གིན་ཡོད་པ་འདྲ། དེ་ཡང་རྒྱུ་མཚན་ཞིག་རེད་འདུག

གལ་ཏེ་ཁྱེད་རང་མི་རིགས་གཞན་པ་ཞིག་གི་ཁོར་ཡུག་ཅིག་ཏུ་རང་གི་ཆོས་དང་རིག་གཞུང་ལ་དུང་ཞེན་ཆེན་པོས་ལས་ཀ་ཆུང་ཆུང་རེ་ཨ་ཡོང་ལྟ་བཞིན་པའི་སྐབས་སུ་དང་། ཐ་ན་ཞེན་ཁོག་ཆེན་པོས་རང་ཉིད་ཀྱི་མི་རིགས་དང་ཆོས་ལུགས་ཀྱི་དགེ་མཚན་གླེང་བཞིན་པའི་སྐབས་སུ། གློ་བུར་དུ་ཤ་ཁྲག་གཅིག་པའི་སྤུན་ཟླ་ཞིག་ནང་དུ་འཛུལ་ནས་རྒྱུ་མཚན་མེད་པར་རྒྱབ་སྐྱོར་བྱ་རྒྱུའི་ཚབ་ཏུ་སྡིག་དམོད་བྱས་པ་ཡིན་ན་སྤྲོ་མ་ལངས་ན་ཡང་སེམས་ཕམ་པ་ནི་ལྡོག་ཏུ་མེད་པ་ཞིག་རེད།

ཁོང་ཚོས་ང་ལ་མི་སྔུན་ནས་དམའ་འབེབས་ཀྱི་ཚིག་མཚོན་འདེབས་པ་དེ་ང་ལ་སྒེར་གྱི་ཞེ་འཁོན་སོགས་ཀྱི་རྒྱུ་མཚན་གྱི་ཐོག་ནས་བསམ་བཞིན་གནོད་སྐྱེལ་བ་ཡིན་ན་བསམ་བློ་གཏོང་ས་ཞིག་ཡོད་རེད། དེ་འདྲ་ཡོང་སྲིད་པ་ཞིག་རེད། དེ་ནི་མི་ཞིག་གིས་སོ་སོས་བསམ་བློ་བཏང་ནས་ཐག་བཅད་པ་ཞིག་རེད། སོ་སོས་རྣམ་དཔྱོད་བེད་སྤྱད་དེ་བྱས་པ་རེད། འོན་ཀྱང་མི་འདི་ཚོས་རང་ཉིད་སུ་ཡིན་པ་དང་གང་ཞིག་བྱེད་ཀྱི་ཡོད་པ། ཕ་རོལ་པོ་སུ་ཡིན་པ་དང་ཁོས་ག་རེ་བྱེད་ཀྱི་ཡོད་པ། རང་གི་སྐད་ཆའི་ཤུགས་རྐྱེན་དང་ནང་དོན་སོགས་ལ་འདང་རྒྱག་གང་ཡང་མེད་པར་ཀླད་པ་ནག་ཐོམ་མེ་བ་ཞིག་གི་ངང་ནས་ནོར་འཛོལ་འདི་རིགས་བྱེད་ཀྱི་ཡོད། ནོར་འཁྲུལ་ཚང་མ་ལུང་མ་བསྟན་གྱི་ངང་ནས་བྱེད་ཀྱི་ཡོད་པ་འདི་ཕངས་པོ་འདུག་ལ་ཤ་ཚ་བ་འདྲ་ཞིག་ཀྱང་རེད། དོན་ལ་དེ་ནི་ཧ་ཅང་འཇིགས་སུ་རུང་བ་ཞིག་རེད། བོད་པ་དང་བོད་པ་མ་ཡིན་པ་མང་པོ་ཞིག་གིས་དུས་རྒྱུན་མི་དང་མཉམ་དུ་འགྲོགས་པའི་སྐབས་ཀྱི་ཀུན་སྤྱོད་ཀྱི་གནད་དོན་མང་པོ་ཞིག་ཡོང་ས་ཡང་དེ་ག་རང་རེད། བོད་པ་འདི་གཤིས་ཀ་སྡུག་པོ་ཞིག་མིན་ན་ཡང་སྤུས་ཚད་དམ་བྱང་ཚད་ཀྱི་ཆ་ནས་ཧ་ཅང་སྐྱོ་བོ་འདུག་ཅེས་མཁས་པ་གཞན་གྱིས་གསུངས་པ་དེ་ཡང་ཧ་ཅང་བདེན་པར་ཚོར། དཔེར་ན་དར་གོས་བཟང་པོ་ཞིག་ལ་དྲས་དྲུབ་ལེགས་པོ་མ་བྱུང་བར་གོས་སུ་བྱས་པ་བཞིན་སྐད་ཆ་བཤད་སྟངས་དང་རྣམ་འགྱུར་སྟོན་སྟངས། ལས་ཀ་བྱེད་སྟངས་སོགས་སློབ་གསོ་མ་ཐོབ་པའི་རི་བྲག་པའི་གཤིས་ཀ་རྒོད་པོ་དེས་ད་དུང་ང་ཚོར་དཀའ་ངལ་སྤྲོད་ཀྱིན་འདུག  ང་ཚོ་ངེས་པར་སད་རན་འདུག

སྣང་མེད་དང་། དོ་སྣང་མ་བྱུང་བ། དགོས་ངེས་ཀྱི་ཉམས་འཇོག་མི་བྱེད་པ། གང་དྲན་བྱུང་རྒྱལ་བྱེད་པ་སོགས་ནི་རྒྱུ་རྐྱེན་རེད། གང་ལྟར་ངའི་ངོས་ནས་སློབ་ཁྲིད་སྐབས་གང་བཤད་པའི་སྐད་ཆ་དེ་ཚོ་ཡང་རྫུན་ནག་རང་ནི་མིན། རྒྱ་སྐད་ཡག་པོ་རང་མེད་ན་ཡང་། ནང་ཆོས་ཀྱི་རྒྱུན་ཤེས་ཙམ་ཞིག་སློབ་མྱོང་བ་དང་། ངའི་སྐད་ཆར་ཉན་འདོད་ཡོད་མཁན་དེ་ཚོར་ནང་ཆོས་ངོ་སྤྲོད་ཐེབས་ཆག་ཤིག་གི་གོ་ཆོད་སྲིད་སྙམ། གལ་ཏེ་ཉན་འདོད་མེད་ན་ཁོང་ཚོས་ཁ་པར་སྒོ་བརྒྱབ་པས་འགྲིག་པ་རེད། སློབ་ཚན་འདི་བརྒྱུད་ནས་ངས་སྒོར་མོ་སྐར་ཅིག་ཀྱང་ལེན་གྱི་མེད།

ཉེ་བའི་ལོ་འགའི་རིང་གནམ་ཕྲིན་གྱི་དྲ་ཐོག་ནས་སྤྱོད་འཇུག་ཆ་ཚང་ཞིག་བཤད་ཟིན་པའི་ཁུལ་ཡིན་ཏེ། སློབ་ཡོན་སྒོར་གཅིག་ཀྱང་བླངས་མེད། བླངས་ན་ལོན་ཡང་ཁག་པོ་རེད།

ང་རང་ངོས་ནས་སྐྱོན་ཀུན་ལྡན་དང་ཡོན་ཏན་ཀུན་ཟད་ཅིག་ཡིན་པས་ང་ལ་སྐྱོན་བརྗོད་བྱེད་པ་དེར་དངོས་གནས་ཧ་མི་ལས། ཡིན་ན་ཡང་། མི་སྔུན་ནས་རང་མི་ཞིག་གིས་རྒྱ་དང་མི་རིགས་གཞན་པ་དེ་ཚོ་ལས་ཀྱང་ཆེས་སྤྱིར་བཏང་གི་བརྩི་བཀུར་དང་རིགས་ཀྱི་དུངས་ཞེན་ཙམ་ཡང་མེད་པར་ད་དུང་མི་རིགས་གཞན་གྱི་སྐད་ཡིག་སྤྱད་དེ་སྐད་ཆ་རྩུབ་པོ་བཤད་ཡོང་དུས་སེམས་ལ་དོགས་མ་བདེ་བའི་ཚོར་བ་ཞིག་དང་། དམིགས་བསལ་མ་སྐྱིད་པ་ཞིག་ཡོང་གི་འདུག སྐབས་དེའི་མ་སྐྱིད་པ་དེ་ནང་ཁུལ་ཁྱོད་ཀྱི་ཁ་དང་ངའི་སྣ་ཟེར་དུས་ཀྱི་མ་སྐྱིད་པ་དེ་འདྲ་དང་མི་འདྲ་བ་ཞིག་རེད། དེའི་ནང་དུ་བློ་ཕམ་གྱི་ཆ་ཤས་གཞན་ཞིག་འདུག

གལ་ཏེ་རྒྱ་རིགས་སོགས་མི་རིགས་གཞན་ཞིག་གིས་ང་ལ་དེ་ལྟར་དོན་མེད་དུ་ཁ་རྡུང་བཏང་ན་ངའི་འཚོ་བ་ལ་དོ་ཕོག་གཏོང་སྲིད་ཀྱང་། སེམས་པ་ལ་དོ་ཕོག་ཆེན་པོ་གཏོང་གི་མ་རེད། ང་ཚོའི་ཀུན་སྤྱོད་དང་བསམ་བློ་འདི་སྐབས་སྐབས་སུ་ཧ་ཅང་ཉེན་ཁའི་གནས་སུ་འདུག འདི་ཚོ་ཆོས་པ་ཚད་ལྡན་གྱིས་ཆོས་ཕྱོགས་ཀྱི་སྐད་ཆ་ཞིག་ནི་མིན་ན་ཐང་། གང་ལྟར་དངོས་ཡོད་གནས་ཚུལ་དེ་འདྲ་རེད། ང་ཚོའི་རང་ཉིད་ཡ་རབས་དང་བརྩེ་སེམས་ལྡན་པའི་མི་རིགས་བྱེད་རྒྱུར་ད་དུང་སྤུས་ཚད་ཡག་ཏུ་གཏོང་དགོས་པའི་ཆ་རེ་ངེས་པར་དུ་འདུག་ཨང་།

འོན་ཀྱང་ང་ལ་བསམ་པ་དཀར་མཁན་ཚོར་ཞུ་རྒྱུར། སྣང་ཚུལ་ཆུང་ཚགས་འདི་རིགས་ཀྱིས་གུས་པའི་སེམས་ཤུགས་དང་ཆོད་སེམས་བརྩེ་དུང་བཅས་ལ་དོ་ཕོག་གང་ཡང་ཕྱིན་མེད། ང་སྔར་བཞིན་རང་གི་ལམ་དུ་བསྐྱོད་པར་ངེས། ངས་སྒེར་ངོས་ནས་འདི་ཙམ་ནི་དཀའ་ངལ་ཞིག་ཏུ་ཚོར་གྱི་མེད། ད་མང་པོ་བཤད་རྒྱུར་དུས་ཚོད་འདང་ངེས་མི་འདུག དགོངས་དག