སྤྱི་དང་བྱེ་བྲག་གི་ཁྱད་པར།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༣༦ ཕྱི་ལོ་ ༢༠༢༠/༠༡/༡༣

བཙན་བྱོལ་བོད་མི་ནི་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོ་ཞིག་ཏུ་སྐྱབས་བཅོལ་ནས་བསྡད་ཡོད་པ་དང་། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ཏུ་སྐྱབས་བཅོལ་ཞུས་ནས་དུས་ཡུན་རིང་པོ་འགོར་མཁན་ཕལ་ཆེ་བ་ནི་ཡུལ་ལུང་སོ་སོའི་མི་སེར་ཆགས་ཡོད། རྒྱ་གར་གཙོ་བོར་གྱུར་པའི་བལ་ཡུལ་དང་འབྲུག་བཅས་སུ་ཡོད་པའི་བོད་མི་ཕལ་ཆེ་བ་ནི་སྐྱབས་བཅོལ་བའི་ངོ་བོའི་ཐོག་ཏུ་གནས་ཡོད་ཅིང་། འབྲུག་ཡུལ་དང་། བལ་ཡུལ་གཉིས་སུ་ཡོད་པའི་བོད་མི་ཕལ་ཆེ་བར་སྐྱབས་བཅོལ་ལག་དེབ་ཙམ་ཡང་མེད་མཁན་མང་པོ་ཡོད་པ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་ཅིང་ཡུལ་ལུང་དེ་དག་གི་མི་སེར་ལག་ཁྱེར་ཡོད་པའི་བོད་མི་ཚོའི་བསམ་བློ་གཏོང་སྟངས་ལ་ཁྱད་པར་ཆེན་པོ་ཡོད། རྒྱལ་ཁབ་གཞན་གྱི་མི་སེར་ཡིན་པ་རྣམས་ཀྱིས་ཡུལ་ལུང་སོ་སོའི་འོས་བསྡུ་དང་། རྒྱལ་ཁབ་ནང་ཁུལ་གྱི་ཆབ་སྲིད་རྩོད་རྙོག་སོགས་སུ་ཞུགས་མཁན་མང་པོ་བྱུང་ཡོད་པ་ནི། རྒྱལ་ཁབ་དེ་དག་གི་མི་སེར་ཡིན་པའི་ཆ་ནས་བསམ་བློ་གཏོང་སྟངས་མི་འདྲ་བ་ཡོད་སྲིད་ཀྱང་། བོད་མི་ཡིན་པའི་ཆ་ནས་ཀྱང་བོད་དོན་འཐབ་རྩོད་ལ་བསམ་བློ་གཏོང་དགོས་ངེས་ཤིག་ཏུ་གྱུར་ཡོད།

རྒྱ་གར་དུ་ཡོད་པའི་བོད་མིའི་ནང་རྒྱ་གར་གྱི་མི་སེར་ལག་ཁྱེར་ཡོད་མཁན་ཁག་ཅིག་ཡོད་པ་དང་། དེ་དག་གིས་རྒྱ་གར་གྱི་འོས་བསྡུའི་ནང་ཆ་ཤས་ལེན་སྐབས་སྣང་བ་དག་ནས་སྐད་ཆ་ཤོད་མཁན་ཡང་ཡོང་གི་ཡོད་ལ། དེ་ལ་བརྟེན་ནས་རྒྱ་གར་གི་སྲིད་དོན་ཚོགས་པ་དང་། སྲིད་དོན་མི་སྣའི་བསམ་བློའི་ནང་བོད་པ་ལ་རྒྱབ་སྐྱོར་ཆུང་དུ་སོང་བའི་རྣམ་འགྱུར་ཡང་མཐོང་རྒྱུ་ཡོད། མ་འོངས་པར་ཡང་མུ་མཐུད་གནས་སྟངས་དེ་ལྟ་བུའི་འོག་སོང་ན་སྐྱབས་བཅོལ་བོད་པའི་སྤྱི་ཚོགས་སུ་དཀའ་ངལ་སྣ་ཚོགས་འཕྲད་པའི་རྒྱུ་རྐྱེན་ཞིག་ཏུ་འགྱུར་སྲིད་པ་རེད། ཕྱི་རྒྱལ་ཡུལ་གྲུ་ཁག་ལ་མཚོན་ནའང་བོད་པ་མི་སེར་གྱི་ཐོབ་ཐང་ཡོད་མཁན་དག་གིས་འོས་འཕེན་པའི་ཐོབ་ཐང་ལེན་དགོས་པ་གལ་ཆེན་པོ་ཡོད་སྲིད་པ་དང་། རྒྱལ་ཁབ་དེའི་འགན་ཁུར་བའི་ཐོག་ནས་བོད་མི་ཡིན་པ་དང་བོད་དོན་འཐབ་རྩོད་ཀྱི་འགན་ཁུར་དགོས་པ་དེ་ཡང་གལ་ཆེན་པོར་གྱུར་ཡོད། དེ་ལྟར་རང་ཉིད་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་གི་ཆབ་འབངས་ཡིན་ནའང་བོད་དོན་འཐབ་རྩོད་ལ་ཕན་ཐོགས་ཡོད་པ་ལས་གནོད་སྐྱོན་དུ་འགྱུར་བ་ཞིག་བྱེད་མི་འོས།

ཉེ་ཆར་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་སྲིད་འཛིན་ཌོ་ནལ་ཊོམ་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཞིག་འཛོམས་ནས་ངོ་རྒོལ་བྱེད་པའི་སྐབས། བོད་ཀྱི་རྒྱལ་དར་ཕྱར་ནས་ངོ་རྒོལ་ནང་ཞུགས་མཁན་བྱུང་ཡོད་པ་དང་། དེ་ལ་བརྟེན་ནས་སྤྱི་ཚོགས་ནང་གླེང་སློང་མང་པོ་ཡོང་གི་འདུག་ལ། ལོ་སྔོན་མའི་དབྱར་དུས་སུ་ཨ་རིའི་རྒྱལ་ཡོངས་སུ་མི་རིགས་ནག་པོའི་ངོ་རྒོལ་ནང་བོད་མི་ཁག་ཅིག་མཉམ་ཞུགས་བྱས་པའི་སྐབས་ཀྱང་བོད་པའི་སྤྱི་ཚོགས་ནང་གླེང་སློང་མང་པོ་ཞིག་བྱུང་སོང་། གནད་དོན་འདི་དག་གི་ཐོག་ལ་བསམ་ཚུལ་མི་མཐུན་པ་དང་རྒྱུ་མཚན་ཡང་མི་འདྲ་བ་སྣ་ཚོགས་གླེང་གི་ཡོད། དེའི་ཐོག་ལ་ཉེ་ཆར་སྲིད་སྐྱོང་གིས་ཀྱང་བརྒྱུད་ལམ་ཁག་ཏུ་བོད་ཀྱི་རྒྱལ་དར་ཁུར་ནས་རྒྱལ་ཁབ་ནང་ཁུལ་གྱི་སྲིད་དོན་ལས་འགུལ་འདི་ལྟ་བུའི་ནང་མ་ཞུགས་ན་ལེགས་པའི་ལམ་སྟོན་ཡང་གནང་ཡོད་ཅིང་། གནད་དོན་འདི་ནི་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་ངེས་པར་དུ་གླེང་དགོས་པ་ཞིག་ཡིན་པ་དང་། མ་འོངས་པར་ལག་བསྟར་བྱེད་ཕྱོགས་ཚང་མ་གཅིག་གྱུར་གྱི་ཐོག་འགྲོ་ཐུབ་པ་ཞིག་བྱུང་ན་འཐབ་རྩོད་ལ་ཁྱད་པར་ཆེན་པོ་ཡོད་ངེས་སྙམ།

སྐབས་འདིའི་ངོ་རྒོལ་དུ་ཞུགས་མཁན་ནང་རྒྱལ་ཁབ་གཞན་གྱི་རྒྱལ་དར་དང་ཚོགས་སྡེ་གཞན་གྱི་དར་ཆ་འཕྱར་མཁན་ཡོད་སྲིད་པ་དང་། དེ་དག་ཚང་མ་སྒེར་ངོས་ནས་བཤད་ན་ཨ་རིའི་མི་སེར་ཡིན་པས་ཐོབ་ཐང་དང་འགན་ཁུར་གཅིག་མཚུངས་ཡིན་ཡང་། བོད་མི་ཡིན་པ་དང་། བོད་དོན་འཐབ་རྩོད་ལ་ཨ་རིས་གཙོས་སྟོབས་ཆེན་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་དེ་དགོས་མཁོ་ཆེན་པོ་ཡིན་པའི་སྐབས་འདིར་བོད་མི་རྣམས་སྲིད་དོན་མི་སྣ་གཅིག་གི་རྒྱབ་སྐྱོར་བ་ཡིན་པའི་རྣམ་འགྱུར་དེ་ཤུགས་ཆེན་པོ་ཆགས་སོང་ན། དེ་ལ་བརྟེན་ནས་སྲིད་དོན་མི་སྣ་བྱེ་བྲག་པའམ་སྲིད་དོན་ཚོགས་པ་བྱེ་བྲག་པར་མི་དགའ་བའི་གཞུང་གི་གནད་ཡོད་མི་སྣ་རྣམ་པའི་སེམས་ནང་དུ་བོད་དོན་རྒྱབ་སྐྱོར་ལ་དམ་ལྷོད་འགྲོ་ངེས་པ་རེད། ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ཏུ་རང་དབང་མང་གཙོ་དང་འདྲ་མཉམ་སོགས་མང་པོ་ཞིག་བཤད་སྲོལ་ཡོད་པ་དང་། སྤྱི་ཚོགས་ནང་ལག་ལེན་ཡང་གང་འཚམ་གྱིས་ཆེན་པོ་ཡོད་ནའང་། མི་ཚང་མ་ལ་བདེ་སྡུག་གི་ཚོར་བ་ཡོད་པ་དང་། ནུབ་ཕྱོགས་ཀྱི་མི་མང་པོ་ཞིག་ཤར་ཕྱོགས་པ་ལས་ཀྱང་གུ་དོག་པོ་ཡོད་པ་དེ་གསལ་པོ་རེད།

མདོར་ན་བོད་པའི་རྒྱལ་དར་ཁུར་བ་རྒྱལ་ཞེན་གྱི་ཐོག་ནས་ཡིན་སྲིད་པ་དང་། རྒྱལ་དར་ཁུར་ན་བོད་དོན་ཁྱབ་བསྒྲགས་སུ་འགྲོ་རྒྱུའི་རེ་བའང་བརྒྱབ་ཡོད་སྲིད་པ་རེད་དེ། གནད་དོན་དེའི་ཐོག་ནས་བསམ་བློ་བཏང་ན་གོང་དུ་བརྗོད་པ་བཞིན་རང་ཉིད་སྟོབས་ཆེན་རྒྱལ་ཁབ་ཅིག་གི་མི་སེར་ཡིན་པའི་ཐོབ་ཐང་དང་འགན་ཁུར་ཡོད་པ་སྒེར་གྱི་གནད་དོན་ཡིན་པ་དང་། རྒྱལ་དར་ཁུར་ནས་བོད་པའི་རྣམ་འགྱུར་ཤུགས་ཆེན་པོ་ཆགས་ནས་བོད་དོན་གྱི་ཐོག་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་ཞན་དུ་སོང་ན་སྤྱི་པའི་རྩ་དོན་ཡིན་པས། གནད་དོན་འདི་ལ་སྤྱི་དང་བྱེ་བྲག་གི་དབྱེ་བ་ངེས་པར་དུ་འབྱེད་དགོས། ཁ་ཤས་ཀྱིས་བོད་པའི་རྒྱལ་དར་ཁུར་བར་རྒྱ་དམར་གཞུང་གིས་དམ་དྲག་བྱེད་བཞིན་ཡོད་པས། བོད་མིའི་སྒྲིག་འཛུགས་ཀྱིས་དམ་དྲག་བྱེད་དགོས་དོན་མེད་ཚུལ་ལྟ་བུ་ཤོད་མཁན་ཡང་འདུག་ཀྱང་། དེ་ནི་འདྲེ་ཤར་སྒོ་དང་གླུད་ནུབ་སྒོའི་དཔེ་ལས་མ་འདས་པས། སེམས་ཤུགས་དང་ཚོར་བ་ཡོད་པ་ཙམ་གྱིས་མི་ཕན་པར། བོད་དོན་འཐབ་རྩོད་བྱེད་སྐབས་གང་ཐུབ་ཐུབ་ཀྱིས་འཆར་གཞི་དང་གོ་རིམ་མ་ནོར་བ་ཞིག་དགོས་པ་དེ་གལ་ཆེན་པོར་གྱུར་ཡོད།།