སྤྱི་དོན་ལ་འགན་མ་ཁུར་བ་རེད།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༩༤ ཕྱི་ལོ་ ༢༠༡༦/༥/༡༡
ལོ་འདིའི་འོས་བསྡུ་ཆེན་མོའི་སྔ་རྗེས་ཀྱི་གནས་ཚུལ་མང་པོ་ཞིག་གིས་དགྲ་མི་དགའ་མཁན་དེ་དགའ་དགོས་པ་དང། གཉེན་མི་སྡུག་མཁན་དེ་སྡུག་དགོས་པའི་གནས་ཚུལ་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་དུ་ཐོན་སོང། ལྷག་པར་འོས་བསྡུ་གྲུབ་ཟིན་པའི་རྗེས་སུ་ལྷ་བབས་ཀླུ་བབས། ལྷ་འཁྲུག་མི་འཁྲུག་གི་གནས་ཚུལ་གཅིག་རྗེས་གཉིས་མཐུད་དུ་བྱུང་སོང། འདི་དག་གི་རྒྱབ་ལྗོངས་ག་རེ་ཡིན་མིན་དང། ལྷག་པར་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཀྱང་ལྷ་དགོངས་འཁྲུག་ཡོད་པ་དང། འཁྲུག་དགོས་པའི་རྒྱུ་མཚན་ཡང་གླེང་ཕྱོགས་སྣ་ཚོགས་ཤིག་བཀའ་ཟུར་དང་ཚོགས་ཟུར་ཡིན་ཟེར་མཁན་ཚོས་སྤྱི་ཚོགས་ནང་མང་པོ་བཀྲམ་སོང། དོན་ངོ་མ་ཉེ་བའི་ཆར་སྲིད་སྐྱོང་བློ་བཟང་སེང་གེ་དང། ཚོགས་གཙོ་ཚོགས་གཞོན། ཁྲིམས་ཞིབ་པ་རྣམ་པ་བཅས་ལ་མཇལ་ཁ་ཞིག་གནང་ཡོད་འདུག་པ་དང། དེའི་སྐབས་སུའང་ལྷ་དགོངས་འཁྲུག་པའི་རྒྱུ་མཚན་གང་ཡིན་སྤྱི་ཚོགས་ནང་ཁ་གསལ་གང་ཡང་བྱུང་མེད་པ་དང། ལྷ་དགོངས་གསལ་དྭངས་བྱུང་ཡོད་མེད་ཀྱང་གསལ་པོ་མི་འདུག
མང་པོ་ཞིག་གིས་ལྷ་དགོངས་གསལ་དྭངས་བྱུང་ཡོད་ཚུལ་བརྗོད་འདུག དེ་ལྟར་བྱུང་ཡོད་པར་ངོས་འཛིན་བྱས་པའི་དབང་དུ་བཏང་ན། ཨ་རིའི་དོན་གཅོད་དུ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་བསྐོ་གཞག་བྱས་པའི་གནས་ཚུལ་དེ་སྲིད་སྐྱོང་དང་ཚོགས་གཙོ་གཉིས་ཀྱིས་ཁ་གང་མགྱོགས་དང་ལག་གང་སྔ་བྱས་ནས་ཁྱབ་བསྒྲགས་བྱས་སོང་བས། གནད་དོན་དེ་ལྷ་དགོངས་དྭངས་ཟིན་པའི་རྟགས་སམ་དེའི་ཆ་རྐྱེན་ལྟ་བུ་ཞིག་ཏུ་གོ་བ་ལེན་དགོས་པ་ཡིན་ནམ། གང་ལྟར་གནད་དོན་འདིའི་ཐོག་ནས་བཙན་བྱོལ་བོད་པའི་ཆབ་སྲིད་ཀྱི་གནས་བབས་ཐོག་ལ་བསྐྱར་དུ་བསམ་བློ་གཏོང་དགོས་པ་དང། ལྷག་པར་དུ་དབུ་ཁྲིད་དག་གི་བྱེད་སྟངས་ལ་བསམ་བློ་བཏང་ན་སྤྱི་པའི་རྩ་དོན་ལས་སྒེར་གྱི་རྐུབ་སྟེགས་དེ་གལ་ཆེ་བར་འཛིན་གྱི་ཡོད་པ་ལྟ་བུ་ཞིག་ཏུ་ངོས་འཛིན་མི་བྱེད་ཀ་མེད་རེད། སྤྱིར་འོས་བསྡུ་ཆེན་མོ་འདིའི་སྐབས་སུ་སྲིད་སྐྱོང་གི་འོས་གཞི་གཉིས་ཀའི་བར་རྩོད་གླེང་མང་པོ་བྱུང་ཡོད་པ་དང། དེ་ལ་བརྟེན་ནས་སྤྱི་ཚོགས་ནང་རྙོག་ཟིང་ཆེན་པོ་བཟོས་སོང།
མང་གཙོའི་འགྲོ་སྟངས་ལྟར་འོས་བསྡུ་གྲུབ་རྗེས་རྩོད་རྙོག་ཚང་མ་ཞི་འཇམ་ཆགས་དགོས་པ་དེ་ཧ་ཅང་གལ་གནད་ཆེ་ཡང། དེ་ལྟར་ཡོང་བའི་ཆེད་དུ་གཞུང་གི་གལ་གནད་ཆེ་བའི་ལས་གནས་དེ་དག་ཕན་ཚུན་ངོ་གསོ་བའི་ཆེད་དུ་བེད་སྤྱོད་གཏོང་བ་དང། དེ་ལ་བརྟེན་ནས་དོན་དངོས་ཐོག་མ་འོངས་པར་སྐབས་འདིའི་འོས་གཞི་གཉིས་ཀ་འཆམ་མཐུན་གྱི་ཐོག་ནས་སྤྱི་ཚོགས་འདི་ཉིད་སྣེ་ཁྲིད་གནང་གི་རེད་བསམ་པའི་རེ་བ་དང་ཡིད་ཆེས་གཏན་ནས་མི་འདུག དཔེར་ན་ཚོགས་གཙོས་”བརྒྱུད་ལག་ཁག་ཏུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སྲིད་སྐྱོང་མཆོག་ཐུན་མོང་ནས་ཐུགས་ཐག་བཅད་”པ་རེད་ཅེས་ཆེད་དུ་བསྒྲགས་པ་འདི་ལའང། གོ་བ་གཏིང་ཟབ་ཅིག་ཡོད་ངེས་རེད། ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཚང་མ་བཀའ་ཤག་གིས་བསྐོ་བཞིན་ཡོད་པས་དེར་༧གོང་ས་མཆོག་གི་མཚན་མར་དྲུད་ཡོང་བའི་རྒྱུ་མཚན་ནི། དོན་གྱིས་ང་༧གོང་ས་མཆོག་གིས་བསྐོས་པ་ལས། བློ་བཟང་སེང་གེས་བསྐོས་པ་མ་རེད་ཅེས་པའི་གོ་བརྡ་དེ་མི་མང་ལ་སྟོན་ཐབས་བྱས་པ་རེད།
དེར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཞིག་ལས་གལ་གནད་ཆེ་བའི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་འགན་དེ་སྤེན་པ་ཚེ་རིང་ལ་གནང་བ་དེ་སྤྱི་ཡོངས་ནས་མ་འོས་པ་ཞིག་དང་མ་འགྲིག་པ་ཞིག་གང་ཡང་མིན་ནའང། ད་ལོའི་འོས་བསྡུའི་སྐབས་སེམས་ནང་དུ་བཟོས་པའི་རྨ་ཁ་དེ་དག་སོས་ཐབས་དང། བོད་པའི་རྩ་དོན་ཆེད་རྡོག་རྩ་གཅིག་སྒྲིལ་ཡོང་ཐུབ་པའི་རེ་བ་ཞིག་ལ་དམིགས་ཡོད་ན། དེ་ཡོང་ཐབས་མེད་པ་ནི་གོང་དུ་དྲངས་པའི་ཚོགས་གཙོའི་སྐད་ཆ་དེའི་ཤུགས་ཀྱིས་རྟོགས་ཐུབ་ཅིང། མ་འོངས་ལོ་བཞི་ལྔའི་རིང་རྩོད་རྙོག་རྒྱུན་མི་ཆད་དུ་ཡོང་ངེས་ཡིན་པ་དེ་ད་ལྟ་ནས་ཐག་བཅད་དེ་བཤད་ཐུབ་པ་ཞིག་རེད། དེར་བརྟེན་སྲིད་སྐྱོང་བློ་བཟང་སེང་གེས་ཚོགས་གཙོ་སྤེན་པ་ཚེ་རིང་གི་ངོ་གསོ་བའི་ཆེད་དུ་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་འགན་བསྐུར་བ་དེ། མ་འོངས་པའི་ལོ་ལྔར་སྲིད་སྐྱོང་གི་རྐུབ་སྟེགས་བརྟན་སྲུང་ཁོ་ནའི་ཆེད་ཙམ་ལས། བོད་མིའི་སྒྲིག་འཛུགས་ཀྱི་མ་འོངས་པའི་རེ་བ་ཆེན་པོ་ཞིག་ཏུ་དམིགས་མེད་པ་འདྲ་པོ་འདུག
མདོར་ན་དུས་ཡུན་རིང་པོ་མི་འགོར་བར་ར་རང་སྤུ་བྲེག་པའི་འུར་རྡོ་དེ། དུས་ཐ་མ་རང་མགོ་གཅོག་བྱེད་རེད་ཅེས་པའི་དཔེ་ལས་མ་འདས་ཤིང། བྱེད་སྟངས་དེ་ལ་བལྟས་ན་མ་འོངས་པར་བོད་པའི་རྩ་དོན་སྒྲུབ་པའི་རེ་བ་དང་དམིགས་ཡུལ་མེད་པ་ནི་ཕྱོགས་གང་ནས་བལྟས་ཀྱང་ཧ་ཅང་གསལ། ཉེ་ཆར་ཚོགས་གཙོས་འབྲེལ་ཡོད་ཅིག་ལ་”སྲིད་སྐྱོང་གིས་ང་སྦལ་སིལ་སྐུ་ཚབ་དོན་གཅོད་དུ་བསྐོ་རྒྱུ་ཡིན་ཟེར། ངས་ཀྱང་ཁས་ལེན་བྱས་ཡོད་”ཅེས་བརྗོད་ཡོད་ཚུལ་འདུག དེ་ནས་རིམ་པས་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོས་པ་ལྟ་བུ་འདི་ཡག་པོ་རེད་ཅེས་འགྲེལ་བཤད་རྒྱག་རྒྱུ་གཏན་ནས་མེད་པ་ཞིག་མིན་ཡང། ཕྱོགས་གཞན་ཞིག་ནས་བལྟས་ན་བོད་མིའི་སྒྲིག་འཛུགས་ཀྱི་ལས་གནས་གལ་གནད་ཆེན་པོ་དེ་དག་སྲིད་སྐྱོང་རང་ཉིད་ལ་ལྟ་སྟངས་ཡག་པོ་ཡོང་ཆེད་དང། རང་ཉིད་རྐུབ་སྟེགས་སུ་མུ་མཐུད་སྡོད་ཐུབ་པ་ཙམ་དུ་དམིགས་པ་ནི་འོས་ཤོག་གིས་རྒྱབ་སྐྱོར་བྱེད་མཁན་རྒྱ་ཆེའི་མི་མང་གི་རེ་བ་དང་ཆུད་ཟོས་སུ་བཏང་བ་དང། བོད་རིགས་ཀྱི་རྩ་དོན་ལ་འགན་མ་ཁུར་བ་རེད།།