སྤྱི་མཐུན་ཚོགས་པར་གྲོས་ཚོགས་འོག་མའི་ནང་རྒྱལ་ཁ་ཐོབ་འདུག

ཨ་རིའི་གྲོས་ཚོགས་ཀྱི་བར་མའི་འོས་བསྡུ་ཚར་ནས་བདུན་ཕྲག་གཅིག་ལས་མང་བ་འགྲོ་བཞིན་ཡོད་ཀྱང་། གྲུབ་འབྲས་ཆ་ཚང་བ་ཞིག་ད་དུང་ཡང་ཐོན་མེད། འོན་ཀྱང་གྲོས་ཚོགས་འོག་མའི་ནང་སྤྱི་མཐུན་ཚོགས་པར་མང་མོས་ཆགས་པར་དགོས་ངེས་ཀྱི་རྐུབ་སྟེགས་གྲངས་ལོན་ནས་རྒྱལ་ཁ་ཐོབ་ཙམ་བྱུང་འདུག 

ཟླ་༡༡ པའི་ཚེས་༡༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༡༡ པའི་ཚེས་༨ ཉིན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་བར་མའི་འོས་བསྡུ་དང་། དེ་བཞིན་མངའ་སྡེ་དང་གྲོང་ཁྱེར་ཁག་གི་སྲིད་སྐྱོང་སོགས་ཀྱི་འོས་བསྡུ་བྱས་ཡོད་པ་རེད། ད་ལྟའི་ཆར་འོས་བསྡུའི་གྲུབ་འབྲས་ཆ་ཚང་བ་ཞིག་ཐོན་མེད་ཀྱང་། གྲོས་ཚོགས་འོག་མ་དེ་སྤྱི་མཐུན་ཚོགས་པར་རྒྱལ་ཁ་དང་གྲོས་ཚོགས་གོང་མ་དེ་མང་གཙོ་ཚོགས་པར་རྒྱལ་ཁ་ཐོབ་ཡོད་པ་གཏན་ཁེལ་ཆགས་འདུག 

དེ་ཡང་འོས་བསྡུའི་སྔོན་དུ་དཔྱད་བརྗོད་པ་མང་པོ་ཞིག་གིས། མང་ཚོགས་ནང་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་ལ་རྒྱབ་སྐྱོར་བྱེད་མཁན་ཉུང་དུ་ཕྱིན་པ་དང་། འཚོ་བའི་རིན་གོང་མཐོ་རུ་ཕྱིན་པ། དེ་བཞིན་ཨ་རིའི་མངའ་སྡེ་མང་པོ་ཞིག་གི་ནང་དུ་སྤྱི་མཐུན་ཚོགས་པའི་སྟངས་འཛིན་འོག་ཡོད་པའི་མངའ་སྡེའི་གྲོས་ཚོགས་ཁག་གིས། ས་གནས་དང་རྫོང་སོགས་ཀྱི་ས་ཁྲ་བསྐྱར་བཅོས་བྱས་པ་སོགས་ལ་བརྟེན་ནས་འོས་བསྡུར་ཤུགས་རྐྱེན་ཐེབས་ནས་སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཆེན་པོ་འཐོབ་རྒྱུའི་ཚོད་དཔག་བྱས་ཡོད་ཀྱང་། གྲུབ་འབྲས་དེ་འདྲ་བྱུང་མེད་པ་རེད་འདུག 

གྲོས་ཚོགས་འོག་མའི་རྐུབ་སྟེགས་གྲངས་༤༣༥ ནང་ནས་སྤྱི་མཐུན་ཚོགས་པར་རྐུབ་སྟེགས་གྲངས་༢༡༨ ནས་༢༢༣ བར་ཐོབ་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་འདུག་པས། གྲོས་ཚོགས་འོག་མའི་ནང་མང་མོས་ཀྱི་ཚད་གཞི་རྐུབ་སྟེགས་གྲངས་༢༡༨ བརྒལ་ཐུབ་ཙམ་ཆགས་རྒྱུ་རེད་འདུག འོན་ཀྱང་མང་མོས་ཀྱི་རྒྱལ་ཁ་ཐོབ་པར་བརྟེན་ལོ་གཉིས་རིང་། སྲིད་འཛིན་རྗོ་བྷའེ་ཌན་གྱི་ཁྲིམས་འཆར་ལས་དོན་སོགས་མང་པོ་ཞིག་བཀག་འགོག་བྱེད་ཐུབ་ཀྱི་ཡོད་འདུག དེ་བཞིན་གྲོས་ཚོགས་འོག་མའི་ནང་སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་པར་བརྟེན། ཚོགས་གཙོ་ཡང་སྤྱི་མཐུན་ཚོགས་པའི་འགོ་ཁྲིད་ཆགས་རྒྱུ་རེད་འདུག དེའི་ཐོག་གྲོས་ཚོགས་འོག་མའི་ཚོགས་ཆུང་ཁག་གི་ཚོགས་གཙོ་ཡང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོ་ཆགས་རྒྱུ་ཡིན་འདུག 

གྲོས་ཚོགས་གོང་མའི་རྐུབ་སྟེགས་གྲངས་༡༠༠ ནས་མང་གཙོ་ཚོགས་པར་རྐུབ་སྟེགས་༥༠ ཐོབ་ཡོད་ཁར། སྤྱི་མཐུན་ཚོགས་པར་རྐུབ་སྟེགས་གྲངས་༤༩ ཐོབ་ཡོད་པ་དང་། རྐུབ་སྟེགས་གཅིག་གི་ཆེད་དུ་ཟླ་༡༢ པའི་ནང་མཐའ་མའི་འོས་བསྡུ་ཞིག་བྱེད་རྒྱུ་ཡིན་འདུག་པས། མང་གཙོ་ཚོགས་པར་གྲོས་ཚོགས་གོང་མའི་ནང་རྒྱལ་ཁ་ཐོབ་ཙམ་བྱུང་འདུག གལ་ཏེ་ཟླ་༡༢ པའི་ནང་མང་གཙོ་ཚོགས་པའི་འོས་མིར་རྒྱལ་ཁ་ཐོབ་ཚེ་མང་མོས་ཀྱི་ཚད་གཞི་མཐོ་རུ་འགྲོ་རྒྱུ་ཡིན་པ་དང་། གལ་ཏེ་སྤྱི་མཐུན་ཚོགས་པའི་འོས་མིར་རྒྱལ་ཁ་ཐོབ་ཚེ་གྲོས་ཚོགས་ནང་རྐུབ་སྟེགས་འདྲ་མཉམ་ཆགས་རྒྱུ་རེད་དེ། གནད་དོན་གལ་ཆེན་ཐོག་ཏུ་འོས་ཤོག་འཕེན་སྐབས་འོས་ཤོག་འདྲ་མཉམ་བྱུང་ཚེ། སྲིད་འཛིན་གཞོན་པར་འོས་ཤོག་འཕེན་པའི་དབང་ཚད་འདུག་པས། མང་གཙོ་ཚོགས་པར་ཁེ་ཕན་ཡོད་པ་རེད་འདུག 

ཐེངས་འདིའི་འོས་བསྡུར་མངའ་སྡེ་ཞིག་གི་སྲིད་སྐྱོང་ལ་མི་རིགས་ནག་པོ་ཞིག་ཐོག་མར་རྒྱལ་ཁ་ཐོབ་པ། དེ་བཞིན་མངའ་སྡེ་གཞན་ཞིག་གི་སྲིད་སྐྱོང་ལ་བུད་མེད་དང་མཚན་མཐུན་དགའ་རོགས་བྱེད་མཁན་ཞིག་ཐོག་མར་རྒྱལ་ཁ་ཐོབ་པ། དེ་བཞིན་རང་ལོ་༢༥ ཡིན་པའི་མི་ཞིག་གྲོས་ཚོགས་སུ་འདེམས་ཐོན་ཐོག་མར་བྱུང་བ་སོགས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་མང་པོ་ཞིག་བཞག་ཐུབ་པ་བྱུང་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||