སྤྱི་འཐུས་ཀྱི་དམ་འབུལ་དང་ཚོགས་གཙོ་ཚོགས་གཞོན་གྱི་འོས་འདེམས་ཕར་འགྱངས།
བོད་མི་མང་སྤྱི་འཐུས་སྐབས་༡༧ པའི་འདེམས་ཐོན་སྤྱི་འཐུས་རྣམས་ལ་༢༠༢༡ ལོའི་ཟླ་༥ ཚེས་༢༩ ཉིན་ཚོགས་དྲུང་ལས་ཁུངས་སུ་ཐོ་འགོད་དང་། ཚེས་༣༠ ཉིན་དམ་འབུལ་དགོས་པའི་བརྡ་ཐོ་བཏང་བ་དང་། ཚེས་༢༩ ཉིན་དྷ་སར་བསླེབས་ཐུབ་མཁན་ཚོས་འབྱོར་ཐོ་བཀོད་ཡོད་ནའང་། ཕྱི་ཟླ་༦ ཚེས་༨ བར་ཕར་འགྱངས་བྱས་ཡོད་འདུག
ཟླ་འདིའི་ཚེས་༢༩ འཁོད་པའི་གསལ་བསྒྲགས་ཤིག་ཚོགས་དྲུང་ལས་ཁུངས་ནས་སྤེལ་བའི་ནང་། “འབྱོར་ཐོར་ཕེབས་མཁན་མང་པོ་ཞིག་གིས་ཏོག་དབྱིབས་གཉེན་རིམས་རྐྱེན་པས་རྒྱ་གར་ནང་དང་ལྷག་པར་དུ་ཧི་མ་ཅལ་མངའ་སྡེའི་ཐེམ་སྤང་བཀའ་རྒྱ་བཅས་ཀྱི་གནས་སྟངས་ཆ་ནས་ཡུལ་ཁྲིམས་སྲུང་གལ་ལ་སོང་དམ་འབུལ་དང་ཚོགས་གཙོ་ཚོགས་གཞོན་འོས་བསྡུ་སོགས་ཀྱི་ལས་རིམ་ཕར་འགྱངས་ཡོང་བའི་ཞུ་སྙན་ཕུལ་འབྱོར་བཞིན་”ཞེས་འོས་བསྡུ་ལས་ཁང་ལ་བཀའ་བསྡུར་བྱས་ཏེ་ཕར་འགྱངས་བྱས་པ་ཡིན་སྐོར་འཁོད་འདུག་ལ། ཐེངས་འདིའི་བར་བརྒལ་ཚོགས་གཙོའི་དམ་འབུལ་བྱེད་སའི་ཁྲིམས་ཞིབ་པ་ཡང་ཁྲིམས་མཐུན་ཆགས་ཡོད་མེད་ཀྱི་གླེང་གཞི་མང་ཚོགས་ནང་ཡོད་པར་བརྟེན། དམ་འབུལ་བྱེད་རྒྱུར་དཀའ་ངལ་ཡོད་སྐོར་བཤད་མཁན་ཡང་བྱུང་ཡོད་པའི་གནས་ཚུལ་འདུག
ཚོགས་དྲུང་ལས་ཁུངས་ནས་སྤེལ་བའི་གསལ་བསྒྲགས་ནང་། “འདི་ནས་ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༧ འཁོད་བདམས་ཐོན་སྤྱི་འཐུས་རྣམ་པའི་འབྱོར་ཐོ་དང་ལས་ཁུར་དམ་འབུལ་གྱི་དུས་ཚེས་འདི་ཟླའི་ཚེས་ ༢༩ དང་ཚེས་ ༣༠ སོ་སོར་གཏན་འབེབས་ལྟར་བརྡ་ཐོ་ཕུལ་བ་གཞིར་བཟུང་ད་ཞོགས་འབྱོར་ཐོའི་ལས་དོན་ཧ་ལམ་ལེགས་གྲུབ་ཐུབ་པ་བྱུང་ཞིང་། འབྱོར་ཐོར་ཕེབས་མཁན་མང་པོ་ཞིག་གིས་ཏོག་དབྱིབས་གཉེན་རིམས་རྐྱེན་པས་རྒྱ་གར་ནང་དང་ལྷག་པར་དུ་ཧི་མ་ཅལ་མངའ་སྡེའི་ཐེམ་སྤང་བཀའ་རྒྱ་བཅས་ཀྱི་གནས་སྟངས་ཆ་ནས་ཡུལ་ཁྲིམས་སྲུང་གལ་ལ་སོང་དམ་འབུལ་དང་ཚོགས་གཙོ་ཚོགས་གཞོན་འོས་བསྡུ་སོགས་ཀྱི་ལས་རིམ་ཕར་འགྱངས་ཡོང་བའི་ཞུ་སྙན་ཕུལ་འབྱོར་བཞིན། འདི་ནས་འབྲེལ་ཡོད་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་མཆོག་དང་། དྲུང་ཆེ་བཅས་ལ་ཆེད་བཅར་གྱིས་ཡིག་ངག་གཉིས་ཐོག་ནས་དེ་དོན་ སྙན་གསན་གྱིས་ཕར་འགྱངས་དགོངས་བཞེས་ཡོང་བའི་གསལ་འདེབས་ཞུས་དོན་བཞིན། དབུས་འོས་བསྡུ་ལས་ཁང་ནས་ཟླ་ ༥ ཚེས་ ༢༩ འཁོད་ཕྱག་བྲིས་ཕེབས་པ་བརྒྱུད་བདམས་ཐོན་སྤྱི་འཐུས་རྣམ་པའི་དམ་འབུལ་དང་། ཚོགས་གཙོ་ཚོགས་གཞོན་གྱི་འོས་བསྡུའི་ལས་རིམ་རྣམས་ཕྱི་ཟླ་ ༦ ཚེས་ ༨ ཉིན་གནང་རྒྱུའི་དུས་ཚེས་ཕར་འགྱངས་དགོངས་བཞེས་གནང་སོང་ལགས་ན། དེ་ཉིན་བདམས་ཐོན་སྤྱི་འཐུས་རྣམ་པ་དམ་འབུལ་དང་། ཚོགས་གཙོ་དང་ཚོགས་གཞོན་འོས་བསྡུ་ཆེད་ཕེབས་གནང་ཡོང་བ་ཞུ་རྒྱུ་”ཞེས་འཁོད་པ་ལས་ཁྲིམས་སྒྲིག་གི་གནས་ཚུལ་སྐོར་གང་ཡང་གླེང་མེད་པ་རེད། །
གསར་འགོད་པ་ཆོས་ཉིད་འོད་ཟེར།