སྤྱི་འཐུས་ཀྱི་ཤོག་ཁག་གཉིས་ནས་དམ་འབུལ་བྱེད་སྟངས་མ་འདྲ་བ་དང་ཚོགས་གཙོ་འདེམས་མ་ཐུབ་པ།

ཟླ་འདིའི་ཚེས་༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༧ པའི་སྤྱི་འཐུས་རྣམས་ཀྱི་དམ་འབུལ་མཛད་སྒོ་གངས་སྐྱིད་སྤྱི་འཐུས་ལས་ཁུངས་སུ་འཚོགས་པ་དང་། འཐུས་མི་༢༡ གྱིས་བར་བརྒལ་ཚོགས་གཙོ་ཟླ་བ་ཚེ་རིང་གི་མདུན་ནས་དམ་འབུལ་བྱས་པ་དང་། བར་བརྒལ་ཚོགས་གཙོས་འདི་ལོའི་ཕྱི་ཟླ་༣ པའི་གྲོས་ཚོགས་ནང་འཕོ་འགྱུར་བཏང་ཟིན་པའི་ཁྲིམས་ཞིབ་པའི་མདུན་ནས་དམ་འབུལ་བྱས་པ་དེ་ཁྲིམས་མཐུན་ལ་ངོས་ལེན་མི་བྱེད་མཁན་སྤྱི་འཐུས་༢༢ ཀྱིས་༧གོང་ས་མཆོག་གི་སྐུ་པར་མདུན་ནས་དམ་འབུལ་བྱས་ཡོད་པ་རེད།

ཕྱོགས་གཉིས་ནས་དམ་འབུལ་ཟིན་རྗེས་འོས་བསྡུའི་འགན་འཛིན་གྲོས་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་འོས་འདེམས་བྱེད་དུ་ཡོང་ཡོད་ནའང་། འོས་བསྡུའི་འགན་འཛིན་གྱིས་བར་བརྒལ་ཚོགས་གཙོའི་མདུན་ནས་དམ་འབུལ་བྱེད་མཁན་༢༡ གི་མིང་ཐོ་ཁོང་ལ་སྤྲད་སོང་བ་དང་། གྲོས་ཚོགས་ཀྱི་སུམ་ཆ་གཉིས་མ་ཚང་ན་གྲོས་ཚོགས་ལས་རིམ་འགྲོ་ཐབས་མེད་སྐོར་གསུངས་པ་དང་། བལ་བརྒལ་ཚོགས་གཙོའི་མདུན་ནས་དམ་འབུལ་བྱེད་མཁན་ཚོ་ཚོགས་ཁང་ནས་ལངས་ནས་སོང་ཡོད་འདུག་ལ། ཚོགས་གཙོ་ཚོགས་གཞོན་འོས་འདེམས་ཐུབ་མེད་པ་རེད།

ཐེངས་འདིར་སྤྱི་འཐུས་ཀྱི་དམ་འབུལ་བྱེད་སྐབས་ཕྱོགས་ཁག་གཉིས་ཆགས་རྐྱེན་གཙོ་བོ་འདི་ལོའི་ཕྱི་ཟླ་༣ པའི་གྲོས་ཚོགས་ནང་གཞུང་འབྲེལ་གྲོས་ཆོད་ལམ་ནས་འཕོ་འགྱུར་བཏང་ཟིན་པའི་ཁྲིམས་ཞིབ་པ་གསུམ་གྱིས་ཕྱི་ཟླ་༥ ཚེས་༢༤ ཉིན་བསྐྱར་དུ་ལས་ཁུར་རྒྱུན་སྐྱོང་བྱ་རྒྱུའི་ཐག་གཅོད་བྱས་པ་ཡིན་སྐོར་གྱི་གསལ་བསྒྲགས་སྤེལ་ནས་ལས་གནས་ཐོག་བསླེབས་ཡོད་པ་དེའི་མདུན་དུ་བར་བརྒལ་ཚོགས་གཙོས་དམ་འབུལ་བྱས་ན་ཁྲིམས་མཐུན་ཆགས་ཀྱི་མེད་པས། ནང་མོལ་བྱས་ཏེ་ཐབས་ལམ་ཞིག་འཚོལ་དགོས་ཀྱི་འདུག་ཅེས་ཆོལ་ཁ་གསུམ་དང་ཆོས་བརྒྱུད་ཁག ཨ་རིའི་དང་ཡུ་རོབ་བཅས་ནས་འབྲེལ་མཐུད་པ་གཉིས་རེ་ཆེད་གཏོང་གིས་ནང་ཁུལ་གྲོས་མོལ་བྱས་པ་དང་། བར་བརྒལ་ཚོགས་གཙོས་དམ་འབུལ་དེ་༧གོང་ས་མཆོག་གི་སྐུ་པར་མདུན་དུ་ཞུས་རྗེས། ཚང་མས་བར་བརྒལ་ཚོགས་གཙོའི་མདུན་ནས་དམ་འབུལ་ལེན་རྒྱུའི་གྲོས་འགོ་བཏོན་ཡོད་ནའང་། གྲོས་འཆམ་མ་བྱུང་བར་བརྟེན། ཨ་རི་དང་ཡུ་རོབ་ཀྱི་སྤྱི་འཐུས་བཞི་ཆས་སྐུ་པར་མདུན་དུ་དམ་འབུལ་བྱེད་འདོན་མཁན་དང་། ཁྲིམས་ཞིབ་པའི་མདུན་ནས་བར་བརྒལ་ཚོགས་གཙོས་དམ་འབུལ་བྱས་རྗེས་ཁོང་གི་མདུན་དུ་དམ་འབུལ་བྱེད་འདོད་མཁན་གཉིས་ཀ་ངོས་ལེན་བྱེད་རྒྱུའི་གྲོས་འགོ་བཏོན་པ་ལྟར། ཚེས་༨ ཉིན་དམ་འབུལ་སྐབས་ཕྱོགས་ཁག་གཉིས་ནས་དེ་ལྟར་དམ་འབུལ་བྱས་ཡོད་པ་རེད།

དམ་འབུལ་ཚར་རྗེས་དེའི་སྐོར་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་དང་ཨ་རིའི་སྤྱི་འཐུས་དོན་འགྲུབ་ཚེ་རིང་གཉིས་ཀྱིས་ད་ལྟ་བསམ་ཚུལ་མ་མཐུན་པ་དང་ཁྲིམས་སྒྲིག་གི་དཀའ་ངལ་ཡོད་པ་དང་། གྲོས་ཚོགས་འཚོགས་མ་ཐུབ་ན་དཀའ་ངལ་དེ་ལས་ཆེ་བ་ཡོད་པས། བསམ་བློ་གུ་ཡངས་པོ་བཏང་ནས་གྲོས་ཚོགས་ཀྱི་ལས་ཀ་རྒྱུན་མཐུད་ཐུབ་ཆེད་ཐབས་ལམ་ཞིག་བཙལ་བ་ཡིན་པས། ཁྲིམས་དང་མཐུན་མིན་གྱི་བསམ་ཚུལ་ཡོད་པ་རེད་དེ། ད་ཐེངས་ཁ་ཡོད་ལག་ཡོད་ཀྱི་དམ་འབུལ་བྱེད་སྟངས་གཉིས་ཀ་ཡག་པོ་བྱུང་ཡོད་སྐོར་དང་། ཁོང་གཉིས་ཀྱིས་བར་བརྒལ་ཚོགས་གཙོའི་མདུན་ནས་དམ་འབུལ་བྱས་སྐོར་གསར་འགོད་པའི་དྲི་བར་ལན་འདེབས་གནང་སོང་།

སྤྱི་འཐུས་ཟླ་བ་ཕུན་སྐྱིད་ཀྱིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྐབས། “བཅའ་ཁྲིམས་དོན་ཚན་༤༧ པའི་ནང་འཁོད་དོན་ལྟར་བར་བརྒལ་ཚོགས་གཙོའི་མདུན་ནས་དམ་བཅའ་ཕུལ་ཡོད་” ཅེས་དང་། སྐུ་པར་མདུན་ནས་དམ་འབུལ་བྱས་པ་དེ་འགྲིག་ཡོད་མེད་སྐོར་གང་ཡང་གསུངས་རྒྱུ་མིན་སྐོར་གསུངས་སོང་ལ། དུས་རྒྱུན་གྲོས་ཚོགས་ནང་མང་མོས་སྤྱི་མོས་གང་རུང་གྲོས་ཆོད་བཞག་པ་དེ་བརྩི་དགོས་སྐོར་གསུང་གི་ཡོད་པ་རེད། མ་འོངས་པར་གྲོས་ཆོས་དེའི་རིགས་བརྩི་དགོས་དང་མི་དགོས། གལ་ཆེན་ཡིན་མིན་སྐོར་དྲིས་པར། ཁོང་གིས། མ་འོངས་པར་སྤྱི་འཐུས་ཚོས་ཐུགས་ཐག་ག་རེ་གཅོད་ངས་ཞུ་ཐུབ་ཀྱི་མི་འདུག རྩ་ཆེན་པོ་ཡིན་མིན་གྱི་བརྒྱུད་རིམ་དེ་ཚང་མས་མཁྱེན་བསྡད་ཡོད་རེད། དེའི་ཐོག་ང་སྒེར་གྱི་བསམ་ཚུལ་བཤད་དགོས་གལ་མ་མཐོང་སྐོར་ལན་འདེབས་གནང་སོང་།

འོས་བསྡུ་འགན་འཛིན་ལ་མཛད་རིམ་གྱི་མགོ་མཇུག་གཉིས་ཀར་བཅར་འདྲི་བྱས་ཀྱང་། ལན་འདེབས་གང་ཡང་གནང་མ་སོང་ལ། བར་བརྒལ་ཚོགས་གཙོ་ཟླ་བ་ཚེ་རིང་གིས་གསར་འགོད་པར་ལན་འདེབས་གནང་དོན། “ང་བར་བརྒལ་ཚོགས་གཙོའི་སར་བཅའ་ཁྲིམས་དགོངས་དོན་ལྟར་དམ་འབུལ་བྱེད་མཁན་མི་༢༡ བྱུང་བའི་མཚན་ཐོ་དབུས་འོས་བསྡུ་ལས་ཁུངས་སུ་ཕུལ་བ་ཡིན། འོས་བསྡུའི་འགན་འཛིན་ཚུར་ཕེབས་ནས་བཅའ་ཁྲིམས་དོན་ཚན་༤༩ པའི་དགོངས་དོན་ལྟར་སྤྱི་འཐུས་ཀྱི་སུམ་ཆ་གཉིས་ཚང་མི་འདུག་པ་དང་། ཚོགས་གཙོ་ཚོགས་གཞོན་འདེམས་རྒྱུ་དང་རྒྱུན་ལས་བསྐོས་རྒྱུ་སོགས་ལས་རིམ་བྱས་ཆོག་གི་མ་རེད། སུམ་ཆ་གཉིས་ག་དུས་ཚང་ན་དེའི་སྐབས་འོས་བསྡུའི་ལས་ཀ་བྱེད་ཆོག་གསུངས་སོང་”ཞེས་འགྲེལ་བརྗོད་གནང་སོང་།

སྤྱི་འཐུས་རྡོ་རྗེ་ཚེ་བརྟན་གྱིས་གསར་འགོད་པར་ལན་འདེབས་གནང་དོན། “ད་ཐེངས་དམ་འབུལ་དེ་ཁྲིམས་སྒྲིག་གི་ཐོག་ནས་ལམ་ཁ་གང་ཡང་མེད་པ་ཚང་མས་མཁྱེན་གྱི་ཡོད་པ་རེད། ལྷག་པར་དུ་འཕོ་འགྱུར་ཟིན་པའི་ཁྲིམས་ཞིབ་པ་ཟུར་པ་རྣམས་ཁྲིམས་སྒྲིག་གི་ལམ་ལུགས་རྩ་བ་ནས་མེད་པའི་ཐོག་ནས་ཡར་བསླེབས་པ་ལ་བརྟེན་ནས། ཐེངས་འདིའི་དམ་འབུལ་སྐོར་ལ་ནང་ཁུལ་གྲོས་བསྡུར་མང་པོ་བྱས་པ་རེད། ཕྱི་ཟླ་༥ ཚེས་༢༢ ཉིན་ཡུལ་ཁྲིམས་ཀྱི་དབང་གིས་དམ་འབུལ་ཚོགས་འདུ་འཚོགས་ཐུབ་ཡོད་པ་མ་རེད། དེ་རྗེས་ཆོལ་གསུམ་དང་ཆོས་བརྒྱུད། ཕྱི་རྒྱལ་གྱི་སྤྱི་འཐུས་བཅས་ནས་སྐུ་ཚབ་གཉིས་རེ་ཡོང་སྟེ། གྲོས་བསྡུར་ཐེངས་གཉིས་འཚོགས་པ་རེད། ཕྱོགས་གཉིས་ལ་བསམ་འཆར་ཡོད་པ་ལྟར། ཕྱི་རྒྱལ་གྱི་སྤྱི་འཐུས་ཚོས་གྲོས་འགོ་བཏོན་ནས་དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་གཞུང་འབྲེལ་གྱི་མཛད་སྒོའི་ཐོག་སྤྱི་འཐུས་ཀྱི་དམ་འབུལ་ཟིན་པ་རེད། ད་ལྟ་ང་རང་ཚོའི་སྤྱི་ཚོགས་ནང་དཀའ་ངལ་ཆེན་པོ་ཡོད་པ་ཚང་མའི་མཁྱེན་གྱི་ཡོད་པ་རེད། དཀའ་ངལ་འདི་འདྲ་ཡོད་དུས་ཚང་མས་འགན་ཁུར་དགོས་རེད། ང་རང་སྒེར་ངོས་ནས་མི་རེ་རེ་བཞིན་དུ་འབྲེལ་བ་བྱས་ནས་བཀའ་མོལ་གནང་དགོས་ཀྱི་འདུག་ཞུས་ནས། བཀའ་མོལ་མང་པོ་གནང་ནས་དེ་རིང་གི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་ལས་ཁུངས་ནས་མཛད་རིམ་བསྒྲིགས་པ་ལྟར། འདི་བར་དུ་བསླེབས་ཐུབ་པ་རེད་”ཅེས་དང་། “སྤྱི་འཐུས་ལྷན་ཚོགས་ཚུགས་ཐུབ་པ་རེད། དེ་ང་ཚོས་དམིགས་ཡུལ་རེད། ཡིན་ཡང་མང་མོས་ཀྱི་བསམ་ཚུལ་ལ་བརྩི་བཀུར་མ་བྱས་པར་བློ་ཕམ་ཡོད་”ཅེས་དང་། “དེ་རྗེས་དབུས་བསྡུ་ལས་ཁུངས་སུ་བཅར་བ་ཡིན་ལ། འོས་བསྡུ་འགན་འཛིན་གྱིས་བར་བརྒལ་ཚོགས་གཙོས་སྤྱི་འཐུས་༢༡ གི་དམ་འབུལ་མིང་ཐོ་བཏང་སོང་གསུངས་སོང་། ཚོགས་དྲུང་ལས་ཁུངས་ནང་འདེམས་ཐོན་སྤྱི་འཐུས་༤༤ ཡིས་དམ་འབུལ་བྱས་པའི་མིང་ཐོ་དང་ས་རྟགས་བརྒྱབ་པ་དེ་འོས་བསྡུ་ལས་ཁུངས་སུ་སྤྲད་ཡིན། འོས་བསྡུ་འགན་འཛིན་ལ་ཁྲིམས་སྒྲིག་གང་གི་ཐོག་བར་བརྒལ་ཚོགས་གཙོས་འོས་བསྡུ་ལས་ཁུངས་སུ་ཡི་གེ་ཕུལ་དགོས་པ་གསལ་ཡོད་དམ་ཞེས་དྲིས་སྐབས། འོས་བསྡུ་འགན་འཛིན་གྱིས་ཤེས་ཀྱི་མེད། ཡི་གེ་ཞིག་སྤྲད་དུས་འཁྱེར་དགོས་རེད་གསུངས་སོང་། ཡིན་ནའང་འོས་བསྡུ་འགན་འཛིན་གྱིས་ཚོགས་དྲུང་ལས་ཁུངས་ནང་མཚན་རྟགས་བཀོད་པ་ཚང་མར་གཟིགས་ནས། ཚོགས་དྲུང་ལས་ཁུངས་སུ་བཀའ་མོལ་གནང་ནས་རྗེས་སུ་འབྲེལ་བ་གནང་གི་ཡིན་གསུངས་སོང་”ཞེས་སྤྱི་པ་ལ་དཀའ་ངལ་འཕྲད་དུས་ཚང་མས་འགན་ཁུར་དགོས་པ་རེད། ཁུར་གྱི་རེད་བསམ་གྱི་ཡོད་སྐོར་འགྲེལ་བརྗོད་གནང་སོང་།

ཚོགས་གཙོ་ཚོགས་གཞོན་འདེམས་མ་ཐུབ་པ་དེ་འོས་བསྡུ་ལས་ཁུངས་ནས་ཐག་གཅོད་ཀྱི་རྐྱེན་རེད་དང་། སྤྱི་འཐུས་ཚོ་ཕྱི་ལ་སོང་བའི་རྐྱེན་ཡིན་སྐོར་དྲིས་པར། སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་“ཚོགས་གཙོ་ཚོགས་གཞོན་འོས་འདེམས་ཀྱི་མཛད་རིམ་བར་བསླེབས་ཡོད་པ་རེད། འོས་བསྡུའི་འགན་འཛིན་གྱིས་ཁོང་ལ་བར་བརྒལ་ཚོགས་གཙོས་མཚན་ཐོ་ཕུལ་བའི་ནང་སྤྱི་འཐུས་༢༡ འདུག བཅའ་ཁྲིམས་དགོངས་དོན་ལྟར་རྩ་འབོར་གྱི་སུམ་ཆ་གཉིས་ག་དུས་ལོངས་ན་དེ་དུས་ཡོང་གི་ཡིན་གསུངས་པའི་བཟོ་འདྲ་བྱས་ནས་ཕེབས་པ་རེད། ཡིན་ནའང་མི་༤༤ ཡིས་དམ་བཅའ་ཕུལ་ཡོད་པ་རེད་”ཅེས་དང་། སྐབས་༡༦ པའི་གྲོས་ཚོགས་ནང་ཡིག་ཆ་ཨང་སུམ་ཅུ་༣༩ པ་ལྟར་ཁྲིམས་ཞིབ་པ་འཕོ་འགྱུར་བཏང་ཟིན་པ་རྣམས་ད་ལྟ་ཁྲིམས་ཞིབ་ཁང་ནང་བསྡད་ཡོད་པ་རེད། དེ་འདྲ་འདུག་རྒྱུའི་ལམ་ཁ་ཁྲིམས་སྒྲིག་གང་གི་ནང་དུའང་མེད་སྐོར་དང་། བཅའ་ཁྲིམས་དགོངས་དོན་ལྟར་དམ་འབུལ་བྱེད་ས་མེད་པ་དང་། དེ་སྔོན་གྲོས་ཚོགས་འཕར་མ་འཚོགས་རྒྱུར་སྤྱི་འཐུས་མང་པོ་ཡོང་མེད་པས་འཚོགས་མ་ཐུབ་པ་དེ་ཡང་དཀའ་ངལ་བྱུང་སྐོར། ཡིག་ཆ་ཨང་༣༩ པ་དེ་ནུས་མེད་གཏོང་ཐུབ་ན་འགྲིག་གི་ཡོད་ནའང་དེ་ལྟར་གང་ཡང་བྱས་མེད་སྐོར། དེ་བཞིན་༧རྒྱལ་བ་རིན་པོ་ཆེའི་སྐུ་པར་མདུན་དུ་དམ་བཅའ་ཕུལ་ན་བཅའ་ཁྲིམས་ནང་དུ་གསལ་བ་ལྟར་༧སྐྱབས་མགོན་རིན་པོ་ཆེ་བོད་ཀྱི་མཚོན་དོན་ཡིན་སྐོར་གསུངས་སོང་།

ཐེངས་འདིའི་དམ་འབུལ་མཛད་སྒོའི་ཐོག་ཨོ་སི་ཁྲི་ལེ་ཡི་སྤྱི་འཐུས་མ་གཏོགས་ཚང་མ་ཕེབས་ཐུབ་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།