སྤྱི་འཐུས་གསར་པ་ཚོར་ཁྲིམས་སྒྲིག་ཟབ་སྦྱོང་།

ཟླ་འདིའི་ཚེས་༤ ནས་ཉིན་བདུན་རིང་དྷ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་གསར་པ་རྣམས་ལ་བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་དང་། གྲོས་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་སྐོར་ལ་ཟབ་སྦྱོང་ཞིག་འཚོགས་ཡོད་པ་རེད།

mp_2016_6_4ཉིན་དང་པོའི་ཟབ་སྦྱོང་དབུ་འཛུགས་མཛད་སྒོའི་ཐོག སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་ཟབ་སྦྱོང་དེ་འཚོགས་དགོས་དོན་སྐོར་ལ་ངོ་སྤྲོད་གསུང་བཤད་གནང་བ་དང་འབྲེལ། ཁོང་གིས་གསུང་དོན། གྲོས་ཚོགས་ཀྱི་ཚོགས་ཁང་ནང་ཚོགས་འདུ་ཚད་ལྡན་བྱུང་མིན་དེ་ཚོགས་གཙོའི་གཙོ་སྐྱོང་དང་། འཛིན་སྐྱོང་གི་ལན་འདེབས་ཚད་ལྡན། འཐུས་མི་ཚོས་གནད་དོན་ཚད་ལྡན་གླེང་ཐུབ་ན། གྲོས་ཚོགས་ཡག་པོ་ཡོང་གི་རེད། ང་ཚོའི་བོད་མིའི་སྒྲིག་འཛུགས་རྐྱང་པས་ལས་དོན་ལེགས་སྤེལ་ཉེས་འགོག་བྱེད་ཀྱི་ཡོད་པ་རེད་དམ་ཟེར་ན། ཡོད་ཀྱི་རེད་དེ། ༧རྒྱལ་བ་དོན་གྱི་བདག་པོའི་བཀའ་སློབ་གསུང་གི་བདུད་རྩི་གང་ཡོད་པ་དང་། ལྷག་པར་དུ་མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པའི་སྐོར་གྱི་མང་གཙོའི་ལམ་ལུགས་ཀྱི་དཔེ་དེབ་ཀློག་ཐུབ་ན་ཕན་ཐོགས་ཡོང་རྒྱུ་ཡིན་སྐོར་གསུངས་སོང་།

ཁོང་གིས་མུ་མཐུད་རྒྱ་གར་གྱི་སྲིད་བློན་ནེ་ཧ་རིའི་བཀའ་སློབ་ལུང་འདྲེན་དང་འབྲེལ་ནས་གསུང་དོན། “གཞན་གྱིས་གསུངས་པ་དེ་རང་གིས་གསན་ཤེས་པ་དང་། སོ་སོས་གསུངས་པ་དེ་གཞན་ལ་གོ་བ་སྤྲོད་ཐུབ་པ་གནད་འགག་རེད། སོ་སོས་གསུང་པ་དེ་གསུང་སྟངས་དེ་གཞན་ལ་གནོན་ཤུགས་ཀྱི་ཐོག་ནས་བྱས་ན། གཞན་གྱི་བློ་ལ་འགྲོ་ཡི་མ་རེད་ལ། བསམ་ཤེས་ཀྱང་བྱེད་ཀྱི་མ་རེད། ལྷག་པར་དུ་གྲོས་ཚོགས་འཐུས་མི་ཚོས་གཞན་གྱིས་བཤད་པ་དེར་བསམ་ཤེས་ཐུབ་པ་ནི་གྲོས་ཚོགས་འཐུས་མི་ཁྱད་ཆོས་ཡིན་པ་དཔལ་ལྡན་ནེ་ཧ་རིས་གསུངས་ཡོད་པ་རེད་”ཅེས་གསུངས་སོང་། དེ་བཞིན་ཁོང་གིས། གྲོས་ཚོགས་ནང་ཡིན་ནའང་རེད། མང་ཚོགས་ནང་ཡིན་ནའང་རེད། སྐྱོན་འཛུགས་ཀྱི་ཆེད་དུ་མ་ཡིན་པར་ལེགས་སྤེལ་ཉེས་འགོག་གི་ཆེད་དུ་གསུངས་དགོས་སྐོར་གསུངས་སོང་།

དེ་བཞིན་ཚོགས་གཞོན་གྱིས་སྤྱི་འཐུས་ཡོང་ཁུངས་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཡོད་པ་དེ་གནས་དགོས་སྐོར་གསུང་དོན། “ད་ལྟ་སྤྱི་ཚོགས་ནང་ཆོལ་ཁ་ཆོས་ལུགས་ཀྱི་སྤྱི་འཐུས་མི་དགོས་པ་བྱས་ཏེ། བཙན་བྱོལ་སྤྱི་ཚོགས་ནང་དུ་ཆ་བགོས་དགོས་སྐོར་གསུང་མཁན་ཡོད་རེད། ༧རྒྱལ་བ་རིན་པོ་ཆེའི་གསུང་གི་བདུད་རྩི་མ་མཇལ་ནས། ༧རྒྱལ་བ་རིན་པོ་ཆེ་དགུང་ལོ་༢༤ ཐོག་ནས་མང་གཙོ་གསོལ་རས་གནང་བ་དེ་མ་གཟིགས་ནས། ༧རྒྱལ་བ་རིན་པོ་ཆེའི་དགོངས་གཞིའི་ནང་བོད་མི་ཡོངས་རྫོགས་ཀྱི་འཐབ་རྩོད་ཀྱི་ནུས་པ་དང་། བོད་མི་ཡོངས་རྫོགས་ཀྱི་ངོ་བོ་གཅིག་ཏུ་གནས་ཐུབ་ཆེད་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་སྐུ་ཚབ་ཡོད་པ་བཞག་ཡོད་པ་དེ་ཚོ་༧རྒྱལ་བ་རིན་པོ་ཆེའི་མང་གཙོ་ལམ་ལུགས་གསུངས་པའི་ནང་མཇལ་རྒྱུ་ཡོད་པ་རེད། དེ་བཞིན་བཙན་བྱོལ་ནང་སྤྱི་འཐུས་ཆ་བགོས་བྱས་ན་གཞིས་བཞུགས་བོད་མི་ཚོར་དེ་རྒྱ་ནག་གིས་ལག་ཆར་བེད་སྤྱོད་བྱས་ཏེ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་བཙན་བྱོལ་བར་གཟིགས་རྟོགས་གནང་བ་ལས་ཁྱེད་རང་ཚོའི་སྐུ་ཚབ་མཚོན་གྱི་མི་འདུག་ཅེས་ལག་ཆར་བེད་སྤྱོད་བྱེད་ཉེན་ཡོད་པ་རེད། ཡང་ཁག་ཅིག་གིས་གྲོས་ཚོགས་གོང་འོག་དགོས་ཀྱི་འདུག་ཅེས་གསུང་མཁན་ཡོད་རེད། སྐབས་རེར་ད་ལྟའི་སྤྱི་འཐུས་ཚོ་ལ་ལས་ཀ་མི་འདུག་ཟེར་གྱི་ཡོད་རེད། སྐབས་རེར་གྲོས་ཚོགས་གཉིས་དགོས་ཀྱི་འདུག་ཟེར་མཁན་ཡོད་རེད། མཚམས་རེར་གསུང་ལ་ཐོག་པ་མེད་མཁན་དང་མང་གཙོར་རྒྱུས་མངའ་མེད་མཁན་གྱིས་གསུངས་བསྡད་དུས། སྤྱི་ཚོགས་ནང་འདྲོག་སློང་གི་ཡོད་རེད། ཡང་ཆོས་བརྒྱུད་ཀྱི་སྤྱི་འཐུས་དགོས་ཀྱི་མི་འདུག་ཟེར་མཁན་ཡོད་རེད། དེ་ང་ཚོས་ཐོབ་ཐང་བརྩད་བཞག་པ་ཞིག་མ་རེད། ༧གོང་ས་མཆོག་གི་ཐུགས་ཀྱི་དགོངས་གཞི་བོད་ཆོས་ལྡན་ཞིང་ཁམས་གཅིག་ཏུ་བསྒྲིལ་ཆེད་རེད། དེ་ཇི་སྲིད་བོད་ཀྱི་འཐབ་རྩོད་མ་སེལ་བར་དུ་གནས་མ་ཐུབ་ན། ད་ལྟ་བོད་ནང་ཆོས་དད་རང་དབང་མི་འདུག་ཟེར་བ་དང་། གཅིག་མི་འདུག་ཉིས་མི་འདུག་ཟེར་བ་འགྲིག་གི་མ་རེད་”ཅེས་ སྤྱི་ཚོགས་ནང་དྲི་བ་སླེབས་སྐབས་དེ་ཚོ་གནད་འགག་རེད་ཅེས་གསུངས་སོང་།

ཉིན་བདུན་རིང་གི་ཟབ་སྦྱོང་དེའི་ཐོག་བཅའ་ཁྲིམས་ཟབ་ཁྲིད་དང། གྲོས་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས། གཞུང་དངུལ་འདུ་འགོད་དང་ལོ་འཁོར་སྔོན་རྩིས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་དབུ་མའི་ལམ་དང་བོད་རྒྱ་འབྲེལ་མོལ་སྐོར་སོགས་ཟབ་ཁྲིད། ལྷན་ཁང་ཁག་ངོ་སྤྲོད་སོགས་ཀྱི་ལས་རིམ་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།