སྤྱི་འཐུས་ཉུང་མཐའི་གྲངས་ཚད་ལོངས་མིན་གྱིས་ཚོགས་འདུ་རེ་ཞིག་འཕར་འགྱངས་གནང་རྒྱུའི་གསལ་བསྒྲགས་སྤེལ་སོང་།


ཟླ་འདིའི་ཚེས་༡༩ རེས་གཟའ་མིག་དམར་ཉིན་ནས་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་གཉིས་པར། བོད་ནང་ཛ་དྲག་གནས་སྟངས་ལ་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་འཕྲོ་སྐྱོང་བཞིན་པའི་སྐབས་སུ། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ཀྱིས་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལ་རྒྱ་མིའི་སོ་པ་ཁྲིད་ནས་ཀ་རྡོར་སྒང་གསུམ་དུ་སོང་བའི་ཉེས་འཛུགས་བྱས་རྐྱེན་གྲོས་ཚོགས་ནང་རྙོག་གླེང་མང་པོ་བྱུང་ཡོད་པ་དང་། ལས་ཉིན་གསུམ་པའི་སྔ་དྲོར་ནང་སྲིད་ཀྱི་ལས་བསྡོམས་སྙན་སྒྲོན་འགོ་འཛུགས་སྐབས། སྤྱི་འཐུས་ཆོས་གྲགས་རྒྱ་མཚོས་ལས་ཉིན་སྔ་མའི་གནད་དོན་དེ་བགྲོ་གླེང་བྱེད་དགོས་པའི་ལས་རིམ་རྣམ་གཞག་བཏོན་པ་དང་། དེའི་རྗེས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་གྱིས་དེ་ལ་རྒྱབ་སྐྱོར་བྱས་པར་བརྟེན། སྤྱི་འཐུས་ཚོགས་གཙོ་ནས་སྤྱི་འཐུས་ཀྱི་ཁྲིམས་སྒྲིག་ལྟར་ཟུར་དུ་བགྲོ་གླེང་གི་གོ་སྐབས་གནང་ཞིང་། ཉིན་གཅིག་མ་ཟིན་ཙམ་བགྲོ་གླེང་བྱས་མཐར་ཉེས་འཛུགས་བྱེད་མཁན་སྤྱི་འཐུས་ཀྱིས་གནས་ཚུལ་དེ་ཁུངས་སྐྱེལ་བྱས་མེད་པ་མ་ཟད། ང་རྒྱལ་དང་ཁོང་ཁྲོ་སོགས་ཀྱིས་དེ་ལྟར་བཤད་པ་དང་སྤྱི་འཐུས་གཞན་དེས་བརྗོད་པ་ལྟར་ནག་ཉེས་ཕོག་མེད་པའི་རེ་བ་ཡོད་ཚུལ་བརྗོད་པས། སྤྱི་འཐུས་ཚོགས་གཙོས་ཁུངས་སྐྱེལ་མེད་ན་སྐད་ཆ་དེ་ཕྱིར་འཐེན་བྱས་ན་ཡག་ཚུལ་གསུངས་ཀྱང་། དོ་བདག་སྤྱི་འཐུས་ཀྱིས་གནས་ཚུལ་
ཁུངས་སྐྱེལ་དང་ཕྱིར་འཐེན་གང་ཡང་མ་བྱས་སྟབས། ལས་ཉིན་བཞི་པ་ནས་སྤྱི་འཐུས་ཁག་ཅིག་གིས་གནས་ཚུལ་དེ་གཙང་སེལ་མ་ཆགས་བར་གྲོས་ཚོགས་སུ་བཅར་མི་ཐུབ་པར་བརྗོད་པས་གྲོས་ཚོགས་འཚོགས་ཐུབ་མེད་པ་རེད། ཕྱི་ཚེས་༢༣ ཉིན་ཚོགས་གཙོ་སྦྲེལ་པོས་བཞུགས་མོལ་ཚོགས་འདུའི་ཚོགས་བརྡ་བཏང་ཡང་སྤྱི་འཐུས་ཁག་ཅིག་མཉམ་ཞུགས་མ་གནང་བས་བཞུགས་མོལ་ཚོགས་འདུ་ཡང་འཚོགས་ཐུབ་མེད་པ་དང་། སྤྱི་འཐུས་རྣམས་ཀྱིས་བདེ་སྲུང་གིས་གནས་ཚུལ་དེ་གཙང་སེལ་ཐུབ་རྒྱུར་ཉིན་ཁ་ཤས་རིང་བསྒུགས་ཡོད་ཀྱང་ད་དུང་གཙང་སེལ་ཐུབ་མེད་པ་རེད།  དེ་རིང་ཕྱི་ཚེས་༢༨ ནི་གྲོས་ཚོགས་འཚོགས་ཐུབ་ཡོད་ན་ལས་ཉིན་མཐའ་མ་དེ་ཆགས་ཀྱི་ཡོད་ཀྱང་གྲོས་ཚོགས་འཚོགས་ཐུབ་མེད་པ་དང་། ད་ནངས་ཞོགས་པ་ཚོགས་གཙོ་སྦྲེལ་པོ་དབུ་བཞུགས་ཐོག་སྤྱི་འཐུས་རྒྱུན་ལས་རྣམ་པས་གྲོས་ཚོགས་མཇུག་སྐྱོང་ཐུབ་རྒྱུའི་ཐབས་ལམ་གཉིས་བཏོན་ཏེ་གྲོས་བསྡུར་གནང་སྟེ། འཛིན་སྐྱོང་བཀའ་ཤག་དང་བཀའ་མོལ་བྱུང་ཡོད་འདུག་ཀྱང་བདེ་སྲུང་གིས་གནས་ཚུལ་དེ་གཙང་སེལ་ཐུབ་མེད་པ་དང་། སྲིད་སྐྱོང་ཡང་ཕྱོགས་སྐྱོད་དང་སྒེར་དགོངས་མཉམ་དུ་ཟླ་བ་གཅིག་ལྷག་ཕྱི་རྒྱལ་ཁག་ཏུ་ཕེབས་འགྲོ་གི་ཡོད་པར་གསུངས་འདུག་པས། སྲིད་སྐྱོང་མེད་ན་གྲོས་ཚོགས་འཚོགས་ཐུབ་ཀྱི་མེད་པ་ཡིན་འདུག ཕྱི་དྲོར་ཚོགས་དྲུང་ལས་ཁུངས་ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་ ༦ པའི་ལས་དོན་ལྷག་མ་བསྐྱང་རྒྱུའི་ཚོགས་འདུ་འཕར་འགྱངས་གནང་བའི་གསལ་བསྒྲགས་སྤེལ་སོང་། གསལ་བསྒྲགས་ནང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ཞེ་དགུ་པའི་ནང་གསེས་༢ པར། སྤྱི་འཐུས་ཉུང་མཐའི་གྲངས་ཚད་མ་ལོངས་པར་ཚོགས་འདུ་ཉིན་གྲངས་བདུན་ལྷག་འཕར་འགྱངས་བྱེད་དགོས་བྱུང་ན་ཚོགས་གཙོ་སྦྲེལ་པོས་ཚོགས་འདུ་འཕར་འགྱངས་ཀྱི་ཐག་གཅོད་བྱ་རྒྱུ་ཞེས་གསལ་བ་བཞིན། སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོགས་ཚོགས་ཚོགས་དུས་༦ པ་མུ་མཐུད་བསྐྱང་རྒྱུར་སྤྱི་འཐུས་ཉུང་མཐའི་གྲངས་ཚད་ལོངས་མིན་དབང་གིས་རེ་ཞིག་ཚོགས་འདུ་འཕར་འགྱངས་བྱ་རྒྱུ་དང་། ཚོགས་དུས་འདིའི་ལས་དོན་ལྷག་མ་རྣམས་མུ་མཐུད་བསྐྱང་རྒྱུའི་དུས་ཚོད་གཏན་འཁེལ་བྱུང་མཚམས་འབྲེལ་ལམ་ཞུ་རྒྱུ་ལགས་ན་ཚོགས་མི་རྣམས་དུས་ཐོག་ཚོགས་བཅར་གནང་དགོས་ཞེས་ཕེབས་སོང་བ་དགོངས་མངའ་མཁྱེན། ཞེས་འཁོད་འདུག


གསར་འགོད་པ་བསྟན་འཛིན་ལམ་བཟང་།