སྤྱི་འཐུས་དམ་འབུལ་ཞུ་ཕྱོགས་གཉིས་ཀར་ངོས་བཞེས་གནང་ནས་གྲོས་ཚོགས་ཚུགས་དགོས་པའི་རེ་སྐུལ་གནང་སོང་།

བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་བཞིས། སྐབས་༡༧ པའི་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་འོས་འདེམས་དང་།   འཛིན་སྐྱོང་བཀའ་ཤག་གིས་བཀའ་བློན་བསྐོ་བཞག་གནང་མ་ཐུབ་པ་སོགས་ཀྱི་གནས་སྟངས་སེལ་བའི་ཆེད་དུ་འབྲེལ་ཡོད་དབུས་འོས་བསྡུ་ལྷན་ཁང་གཙོས་སྤྱི་འཐུས་རྣམས་ལ་རེ་སྐུལ་དོན་ཚན་གསུམ་བཏོན་འདུག 

ཟླ་༨ པའི་ཚེས་༤ ཉིན་བཙན་བྱོལ་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཤོས་བཞི་སྟེ་བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱིས། རྡ་ས་མེག་གྷན་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་འཚོགས་གནང་ནས། བོད་ཀྱི་འཐབ་རྩོད་དང་བོད་མིའི་སྒྲིག་འཛུགས་ལ་འགན་ཁུར་ནས་སྤྱི་འཐུས་དམ་འབུལ་ཞུ་ཕྱོགས་གཉིས་ཀར་ངོས་བཞེས་གནང་ནས། གྲོས་ཚོགས་ཚུགས་དགོས་པ་དང་དབུས་འོས་བསྡུ་ལས་ཁང་གི་གཙོས་འབྲེལ་ཡོད་ཕྱོགས་ཚང་མས་དགོངས་བཞེས་གནང་དགོས་པ། སྐབས་༡༧ པའི་གྲོས་ཚོགས་ལས་རིམ་ཚུགས་ཟིན་རྗེས་དེ་སྔ་སྐབས་༡༦ པའི་སྤྱི་འཐུས་ལྷན་ཚོགས་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་དབར་བྱུང་པའི་རྙོག་གླེང་དང་། ད་རེས་སྐབས་༡༧ པའི་སྤྱི་འཐུས་དང་། སྲིད་སྐྱོང་བཅས་ཀྱི་དམ་འབུལ་ཞུ་ཕྱོགས་དང་འབྲེལ་ནས་ཁྲིམས་སྒྲིག་མཐུན་མིན་གྱིས་གླེང་རྙོག་རིགས་ཕྱོགས་ཚང་མས་གཞུང་བསྟེན་སྲུང་མ་དམར་ནག་གཉིས་དཔང་པོར་བཞག་ནས་སླད་གནད་དོན་འདི་རིགས་རྩ་བ་ནས་གླེང་སློང་མི་གནང་རྒྱུ། ད་ཡོད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ཁ་གསལ་མེད་པ་དང་། འགྲེལ་བཤད་གནང་ཕྱོགས་མི་འདྲ་བའི་སྐྱོན་ཆ་དང་དོགས་གནས་གང་ཡོད་སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཚུགས་རྗེས་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ཆེད་འཛུགས་ཀྱིས་ཁྲིམས་སྒྲིག་ཁ་གསལ་མེད་རིགས་ཁ་གསལ་དང་། བསྐྱར་བཅོས་གནང་འོས་ཁག་གཏན་འབེབས་གནང་སྐྱོང་ཡོང་བ་ཞུ་རྒྱུ་བཅས་ཀྱི་རེ་སྐུལ་ཞུས་སོང་བ་དང་། དེ་བཞིན་མང་ཚོགས་ནས་ཆིག་སྒྲིལ་གནང་བའི་རེ་སྐུལ་ཡང་ཞུས་གནང་སོང་། དེ་བཞིན་ཚོགས་པ་བཞིས། ད་ལྟའི་ཆར་སྐབས་༡༧ པའི་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་འོས་འདེམས་དང་།   འཛིན་སྐྱོང་བཀའ་ཤག་གིས་བཀའ་བློན་བསྐོ་བཞག་གནང་མ་ཐུབ་པ་སོགས་ཀྱི་གནས་སྟངས་སེལ་བའི་ཆེད་དུ་འབྲེལ་ཡོད་དབུས་འོས་བསྡུ་ལྷན་ཁང་གཙོས་སྤྱི་འཐུས་རྣམས་ལ་རེ་སྐུལ་དོན་ཚན་གསུམ་དང་། དེ་བཞིན་མི་མང་ལ་རེ་སྐུལ་དོན་ཚན་གཅིག་ཞུས་གནང་སོང་། ཁོང་རྣམ་པས་འབྲེལ་ཡོད་ལས་ཁུངས་ཁག་ཏུ་འབོད་སྐུལ་ཞུ་ཡིག་འབུལ་ཆེད་དུ་བཅར་རྒྱུ་ཡིན་འདུག་པ་དང་། སྤྱི་འཐུས་རྣམས་ལ་འབོད་སྐུལ་ཞུ་ཡིག་གློག་འཕྲིན་བརྒྱུད་ཕུལ་ཟིན་འདུག དེ་བཞིན་སང་ཉིན་སྤྱི་འཐུས་ཁག་གཉིས་ཀྱི་སྐུ་ཚབ་དང་ཐུག་འཕྲད་གནང་འཆར་ཡོད་པ་རེད་འདུག 

གསར་འགོད་པ་སྐལ་བཟང་དོན་གྲུབ།

ཚོགས་པ་བཞིའི་འབོད་སྐུལ་ཞུ་ཡིག་གཤམ་གསལ།

བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་བཞི་ཡིས་ཕྱི་ལོ་༢༠༢༡ ཟླ་༧ ཚེས་༦ སྟེ་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་གྱི་གཏམ་བཤད་ནང་གསལ་བསྒྲགས་ཞུས་ཟིན་པ་བཞིན། རྒྱལ་ཁབ་དང་མི་རིགས་ཤིག་བརྟན་གནས་དར་གསུམ་བྱེད་པ་ལ་བློ་སྒོ་ཡངས་པའི་ངང་ནས་རིག་པ་སྒྲིམ་སྟེ་ཁྱོན་ཡོངས་ཀྱི་གནས་ཚུལ་མཐོང་དགོས་པ་དང་། ད་ལྟའི་ཆར་བོད་ཀྱི་རང་དབང་ཆེད་རང་སྲོག་གློད་གཏོང་གནང་བཞིན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་རང་ནུས་གང་ཡོད་ཀྱིས་རང་འཁྲིའི་ལས་འགུལ་ནང་མཉམ་ཞུགས་ཀྱིས་རྒྱབ་སྐྱོར་ཞུ་དགོས་པ་སྨོས་མེད་དང་། ཕྱོགས་གཅིག་ནས་བརྗེད་དུ་མི་རུང་བའི་གནད་དོན་གཙོ་བོ་གཅིག་ནི། བོད་བརྟན་གནས་དར་གསུམ་བྱེད་པར་རྩ་བ་ལྟ་བུ་ནི་བོད་མིའི་སྒྲིག་འཛུགས་དང་ལམ་ལུགས་གཉིས་ཀ་བདག་བཟུང་ཡག་པོ་བྱ་རྒྱུ་དེ་ནི་འདོར་ཐབས་མེད་པའི་འགན་འཁུར་ཞིག་ཡིན་པ་དང་། དེའི་ནང་ནས་བོད་མི་རིགས་ཀྱི་མངོན་འདོད་དང་། ༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་༡༤ པའི་མཛད་འཕྲིན་གྱི་ཆ་ཤས་སུ་གྱུར་པའི་བོད་ཀྱི་མང་གཙོ་ནི་བོད་མིའི་འཕྲལ་ཕུགས་གཉིས་ཀའི་འདོད་དོན་སྒྲུབ་པའི་ལམ་ལུགས་འགྲན་ཟླ་བྲལ་བ་དེ་ཡིན་ལ། འཛམ་གླིང་གི་རྒྱལ་ཁབ་མང་པོའི་ནང་མང་གཙོའི་ཆེད་དུ་མི་སེར་འབུམ་ཕྲག་མང་པོས་ཚེ་སྲོག་དང་བཅས་པ་ཤོར་དང་ཤོར་མུས་ཡིན། བོད་ཀྱི་ཐུན་མོང་མ་ཡིན་པའི་མང་གཙོ་དེ་ནི་༸གོང་ས་ཡིད་བཞིན་ནོར་བུའི་ཐུགས་རྗེ་བྱིན་རླབས་ཀྱིས་གསོལ་སྩལ་གནང་བ་ནི་བོད་མི་ཚོས་བསྐལ་བ་བརྒྱ་ཕྲག་མང་པོར་བསགས་པའི་རྣམ་དཀར་ལས་བཟང་གི་འབྲས་བུ་ཞིག་ཏུ་ངོས་འཛིན་བྱ་ཆོག་པ་ཡིན། དེས་ན་བཙན་བྱོལ་དུ་གནས་པ་བོད་མི་ཚོས་བོད་ཀྱི་མང་གཙོ་ཡང་དག་པ་འདི་ཉིད་སྲུང་སྤེལ་འཐུས་ཤོར་མེད་པར་བྱས་ཏེ་མ་འོངས་པར་གཞིས་བཞུགས་བོད་མི་རྣམས་ལ་རྩིས་འབུལ་ཞུ་ཐུབ་པ་བྱ་དགོས་རྒྱུ་དང་། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་༢༠༡༡ ལོར་བོད་ཀྱི་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་ཆ་ཚང་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་བའི་རྗེས་ནས་བཟུང་ཡང་དག་པའི་མང་གཙོའི་སྒྲིག་འཛུགས་དེ་བཞིན་རྒྱུན་གནས་དང་ཚགས་ཚུད་ཡོང་ཐབས་ཀྱི་འོས་འགན་གཙོ་བོ་མི་མང་གིས་ཐད་དཀར་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ལ་ཡོད་ནའང་། བོད་མི་མང་སྤྱི་འཐུས་སྐབས་༡༦ པའི་གྲོས་ཚོགས་ཚོགས་དུས་དགུ་པ་ཕར་འགྱངས་བྱས་པར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་འཐུས་རྒྱུན་ལས་༡༡ ལ་འདེམས་བྱེད་ཀྱི་ཐོབ་ཐང་བཀག་བསྐྱིལ་གནང་པའི་ཐག་གཅོད་དང་འབྲེལ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག་རྩ་འབོར་སུམ་ཆ་གཉིས་ཡན་གྱིས་གྲོས་ཆོད་ཀྱི་ལམ་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་གཞན་གཉིས་བཅས་དུས་གཅིག་ལ་ཕོ་འགྱུར་བཏང་རྗེས་ད་ལྟའི་ཆར་སྐབས་༡༧ པའི་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་འོས་འདེམས་དང་། འཛིན་སྐྱོང་བཀའ་ཤག་གིས་བཀའ་བློན་བསྐོ་གཞག་གནང་རྒྱུ་སོགས་མ་ཐུབ་པར་བརྟེན་དགྲ་དགའ་གཉེན་སྡུག་གི་གནས་སྟངས་འདི་དག་གི་འབྱུང་རྐྱེན་གཙོ་བོ་ནི། ནང་ཁུལ་བཟོད་བསྲན་དང་། ཁོག་ཡངས། གཅིག་གི་གཅིག་ལ་བརྩི་བཀུར་སོགས་བྱེད་མ་ཐུབ་པའི་གནད་དོན་འབའ་ཞིག་ལ་ཐུག་པར་བརྟེན། ད་ཆ་༧གོང་ས་མཆོག་གི་ཐུགས་དགོངས་འཁྲུག་གཞི་དང་། གཞིས་བཞུགས་བོད་མི་རྣམས་ཀྱི་སྙིང་སྟོབས་ཉམས་དམས་སུ་འགྲོ་གཞི། དེ་བཞིན་ཆོལ་ཁ་ཆོས་བརྒྱུད་ནང་ཁུལ་མཐུན་སྒྲིལ་ལ་དོ་ཕོག་འགྲོ་གཞི་ཙམ་དུ་མ་ཟད་ང་ཚོ་ནི་རང་བཙན་ཡོད་པའི་མང་གཙོའི་རྒྱལ་ཁབ་གཞན་དང་མ་འདྲ་བར་རང་བཙན་དགྲ་ལག་དུ་ཤོར་ནས། རང་དབང་རྩོད་ལེན་བྱེད་མཁན་གྱི་བཙན་བྱོལ་པའི་གནས་བབ་ཀྱི་མང་གཙོའི་སྒྲིག་འཛུགས་ཤིག་དང་། མི་རིགས་ཤིག་ཡིན་པར་བརྟེན་ཟླ་གྲངས་མང་པོར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་མེད་པ་དང་། འཛིན་སྐྱོང་ནང་བཀའ་བློན་མེད་པའི་གནས་ སྟངས་ཐབས་སྡུག་འདི་ལྟ་བུ་ནི་རང་མགོ་ཆུ་བླུག་གི་དཔེ་བཞིན་རང་རེས་བོད་མིའི་སྤྱི་དོན་འཐུས་ཤོར་དང་། བོད་ནང་གི་ཛ་དྲག་གནས་སྟངས་ལ་སྣང་མེད་དང་འགན་འཁུར་ཡེ་ནས་མ་བཞེས་པ་བཅས་ཀྱི་བྱ་བ་ཞིག་ཆགས་གཞིར་བརྟེན་གནད་དོན་འདིའི་རིགས་འཕྲལ་དུ་མཚམས་འཇོག་ཀྱིས་འབྲེལ་ཡོད་ཕྱོགས་ཚང་མས་སྤྱི་དོན་ཁོ་ནར་དགོངས་བཞེས་ཀྱིས་ནང་ཁུལ་ལེ་འགྲིག་ཞིག་གནང་སྐྱོང་ཡོང་བར་གཤམ་གསལ་ཐབས་ལམ་ཁག་བརྒྱུད་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚུགས་ཐུབ་པ་གནང་དགོས་པའི་འབོད་སྐུལ་ནན་ཏན་ཞུ་རྒྱུ་ཡིན།

༡༽ ཕྱི་ལོ་༢༠༢༡ ཟླ་༦ ཚེས་༨ ཉིན་བདམས་ཐོན་སྤྱི་འཐུས་༤༤ ནས་དམ་འབུལ་ཞུ་ཡུལ་ཁག་གཉིས་བྱས་ནས་ཕུལ་ཟིན་པ་དེ་དག བཅའ་ཁྲིམས་ནང་གསལ་ཆ་མེད་ཀྱང་དེ་སྔ་ཚོགས་གཙོ་རེས་མོས་བྱེད་པའི་ལམ་ལུགས་ཡོད་པ་བཞིན་ད་ཆ་ནང་ཁུལ་ཁྲིམས་སྒྲིག་གི་འགྲེལ་བཤད་ལས་གལ་ཆེ་བ། བོད་མིའི་རྩ་དོན་འཐབ་རྩོད་ཀྱི་གཞི་རྩ་བོད་མིའི་མང་གཙོའི་གཞུང་འདི་བཞིན་བསྐྱར་གསོ་དང་། རྒྱུན་གནས་ཡོང་ཆེད་ཐོག་མར་སྤྱི་འཐུས་རྣམས་བཞུགས་མོལ་ཚོགས་འདུ་ཚོགས་ཏེ་མང་མོས་གང་བྱུང་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་འོས་འདེམས་དང་། འཛིན་སྐྱོང་བཀའ་ཤག་གི་བཀའ་བློན་འོས་འདེམས་སོགས་གྲོས་ཚོགས་ཀྱི་ལས་རིམ་སྔར་རྒྱུན་བཞིན་འགྲོ་ཐུབ་པ་གང་མགྱོགས་འགོ་འཛུགས་གནང་རྒྱུར་དབུས་འོས་བསྡུ་ལས་ཁང་གི་གཙོས་འབྲེལ་ཡོད་ཕྱོགས་ཚང་མས་དགོངས་བཞེས་གནང་རོགས་ཞེས་རེ་སྐུལ་ཞུ་རྒྱུ།

༢༽ སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་རིམ་ཚུགས་ཟིན་པའི་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་འགན་གཙོ་བོ་བོད་མི་མང་ཚོགས་ནས་འོས་འདེམས་བྱས་པའི་དབུ་ཁྲིད་ནས་མང་ཚོགས་ཀྱི་མངོན་འདོད་བཞིན་མང་ཚོགས་ཀྱི་ངོ་ཚབ་ཆ་ཚང་མཚོན་པའི་ཐོག་ནས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་རིན་པོ་ཆེའི་གསོལ་རས་གནང་བའི་ཡང་དག་པའི་མང་གཙོའི་སྒྲིག་འཛུགས་འདི་བཞིན་རྒྱུན་སྐྱོང་དང་མདུན་བསྐྱོད་ཡོང་བ། བོད་མིའི་རྩ་དོན་འཐབ་རྩོད་རྒྱུན་སྐྱོང་དང་། ཆོལ་གསུམ་ཆིག་སྒྲིལ་གྱི་ནུས་བ་སྔར་ལྷག་ཡོང་ཐབས་བཅས་ལ་འབད་རྩོན་གནང་དགོས་པ་ལས། དེ་སྔ་སྐབས་༡༦ པའི་སྤྱི་འཐུས་ལྷན་ཚོགས་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་དབར་བྱུང་པའི་རྙོག་གླེང་དང་། ད་རེས་སྐབས་༡༧ པའི་སྤྱི་འཐུས་དང་། སྲིད་སྐྱོང་བཅས་ཀྱི་དམ་འབུལ་ཞུ་ཕྱོགས་དང་འབྲེལ་ནས་ཁྲིམས་སྒྲིག་མཐུན་མིན་གྱིས་གླེང་རྙོག་རིགས་ཕྱོགས་ཚང་མས་གཞུང་བསྟེན་སྲུང་མ་དམར་ནག་གཉིས་དཔང་པོར་བཞག་ནས་སླད་གནད་དོན་འདི་རིགས་རྩ་བ་ནས་གླེང་སློང་མི་གནང་རྒྱུའི་རེ་སྐུལ་ཞུ་རྒྱུ།

༣ ༽ ད་ཡོད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ཁ་གསལ་མེད་པ་དང་། འགྲེལ་བཤད་གནང་ཕྱོགས་མི་འདྲ་བའི་སྐྱོན་ཆ་དང་དོགས་གནས་གང་ཡོད་སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཚུགས་རྗེས་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ཆེད་འཛུགས་ཀྱིས་ཁྲིམས་སྒྲིག་ཁ་གསལ་མེད་རིགས་ཁ་གསལ་དང་། བསྐྱར་བཅོས་གནང་འོས་ཁག་གཏན་འབེབས་གནང་སྐྱོང་ཡོང་བ་ཞུ་རྒྱུ།

མཐའ་དོན་རྒྱ་ཆེའི་མང་ཚོགས་ལ་འབོད་སྐུལ་ཞུ་རྒྱུར་གཞི་རྩའི་མང་གཙོའི་སྤྱི་ཚོགས་ནང་ཕན་ཚུན་བསམ་ཚུལ་དང་། ལྟ་བ་ལངས་ཕྱོགས་སོགས་མཐུན་མིན་གྱི་རྩོད་གླེང་ནི་མང་གཙོ་གོང་འཕེལ་ཡོང་བའི་རྨང་གཞི་དང་། མང་གཙོའི་ཁྱད་ཆོས་ཀྱང་དེ་རང་ཡིན་པར་བརྟེན་ངེས་པར་དུ་ཐུགས་སྣང་དགོས་ངེས་ཀྱང་། ང་ཚོའི་མང་གཙོའི་སྒྲིག་འཛུགས་དེ་བཞིན་རང་ས་དགྲ་ལག་ཏུ་ཤོར་བའི་བཙན་བྱོལ་བའི་གནས་བབ་ཅིག་དང་། མང་གཙོ་ལས་ཀྱང་གལ་ཆེ་བ་བོད་དོན་བདེན་མཐའ་གསལ་རྒྱུའི་ཆེད་རྩ་དོན་འཐབ་རྩོད་ཀྱི་ལས་འགུལ་ཅི་རིགས་ལ་ཆོལ་གསུམ་རྡོག་རྩ་གཅིག་སྒྲིལ་གྱིས་ཚང་མས་མཉམ་ཞུགས་གནང་དགོས་པ་དང་། གང་ཟག་སོ་སོའི་འདོད་མོས་ཡོད་མིན་ལ་མ་ལྟོས་པར་མི་མང་གི་འོས་འདེམས་བྱས་ནས་མང་མོས་ཐོན་པའི་དབུ་ཁྲིད་སུ་བསླེབས་ཀྱང་དེ་ལ་གུས་བརྩི་ཞུ་དགོས་པ་དེ་ཡང་མང་གཙོའི་ཁྱད་ཆོས་དང་། འགན་འཁུར་ཡང་ཡིན་པར་བརྟེན་རྒྱ་ཆེའི་མང་ཚོགས་ནས་ཀྱང་ཚོར་སྣང་དང་། གཡམ་རྒྱུག ཆོལ་ཁ་དང་། ཆོས་ལུགས། ལུང་མཚན་བཅས་ཀྱི་ཕྱོགས་ཞེན་གྱི་དབང་དུ་མ་སོང་བར་ཚང་མས་ཡིད་གཟབ་དང་བབས་ལྷིང་བརྟན་གསུམ་ཐོག་བོད་མིའི་རྩ་དོན་འཐབ་རྩོད་ཀྱི་ལས་འགུལ་ལ་སྔར་ལྷག་མཉམ་ཞུགས་དང་མདུན་བསྐྱོད་གནང་སྐྱོང་ཡོང་བའི་འབོད་སྐུལ་ནན་ཞུ་དང་བཅས། །

Share this:

Leave a Reply