སྤྱི་འཐུས་ཚོགས་གཙོ་ཟུར་པ་ཀརྨ་ཆོས་འཕེལ་སྐུ་གྲོངས་ཡོད་པ་རེད།

ཟླ་འདིའི་ཚེས་༣༠ ཐོ་རངས་ཁར་སྤྱི་འཐུས་ཚོགས་གཙོ་ཟུར་པ་དང་བཀའ་བརྒྱུད་སྤྱི་འཐུས་ལས་ཐོག་ཀརྨ་ཆོས་འཕེལ་ཡུན་རིང་སྙུང་གཞིའི་རྐྱེན་གྱིས་སྐུ་གྲོངས་ཡོད་པ་དང་། ཁོང་གི་སྐུ་ཚེའི་རིང་གཞོན་ལྷན་ཚོགས་གཙོ་དང་བོད་མི་མང་སྤྱི་འཐུས་སོགས་གནང་བ་མ་ཟད། བོད་རང་བཙན་འཐབ་རྩོད་ཀྱི་ལངས་ཕྱོགས་བརྟན་པོ་བཟུང་སྟེ། ཕྱག་ལས་གནང་མཁན་ཞིག་ཡིན་པ་རེད།

karma_choepelདེ་ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་པ་དང་བཀའ་བརྒྱུད་སྤྱི་འཐུས་ལས་ཐོག་ཀརྨ་ཆོས་འཕེལ་ནི་༡༩༤༩ ལོར་མངའ་རིས་སྐྲ་བདུན་དུ་འཁྲུངས།  ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་པ་དང་། ༡༩༧༠  ལོ་ནས་མཐོ་སློབ་འགྲིམ།

བོད་གཞུང་ནས་ ༡༩༧༣  ལོར་སྦེལ་ཀོབ་གཞིས་ཆགས་གསར་རྙིང་གཉིས་སུ་འཕྲལ་སེལ་དགེ་རྒན་ལ་ཆེད་གཏོང་དང་། སྦེང་ལོ་མཐོ་སློབ་ནས་དགེ་རྒན་འོས་སྦྱོང་ཐོན་རྗེས་སྦེལ་ཀོབ་ནང་སླར་ཡང་དགེ་རྒན་གྱི་ལས་ཁུར་བཞེས།  རིམ་པས་གཞོན་ལྷན་ས་རྒྱུན་དང་།  ༡༩༨༣ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོའི་ལས་ཁུར་བཞེས་ཏེ་གཞོན་ནུའི་ཚོགས་ཆེན་ལྡི་ལིར་ཚོགས་ཏེ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་སྡིངས་ཆར་ཐོག་མའི་གོམ་པ་སྤོ་ཐུབ་པ་བྱུང་།   ༡༩༨༡ ལོ་ནས་སིམ་ལ་གཏན་སློབ་ཀྱི་བོད་རིགས་སློབ་སྤྱིའི་ལས་ཁུར་ཐོག་ལོ་བཞི་ཙམ་རིང་རང་གཞུང་ནང་སྲིད་ལས་ཁུངས་ནས་སིམ་ལ་རྫོང་ཁོངས་སུ་ཡོད་པའི་བོད་མིའི་བདེ་དོན་གྱི་ལས་འགན་གནང་བ་ཕོགས་མེད་ཐོག་སྲི་ཞུ་བསྒྲུབས།  ༡༩༨༧ ནས་ ༡༩༨༩  བར་མ་སུ་རི་བོད་གཞུང་གཏན་སློབ་ཀྱི་སློབ་སྤྱིའི་ལས་འགན་བཞེས།

༡༩༩༠ ལོར་༸གོང་ས་མཆོག་ནས་སྐབས་ ༡༡ པའི་སྤྱི་འཐུས་ལྷན་ཚོགས་མིང་དོན་མཚུངས་པའི་ཁྲིམས་བཟོ་ལྷན་ཚོགས་ཞིག་ཏུ་བསྒྱུར་རྒྱུའི་དགོངས་བཞེས་ཡོད་པ་ལྟར། མི་མང་གིས་སྐབས་བཅུ་གཅིག་པའི་སྤྱི་འཐུས་སུ་འོས་འདེམས་བྱུང་བ་ནས་བཟུང་སྐབས་བཅུ་གཉིས་པ།  སྐབས་བཅུ་གསུམ་པ།  སྐབས་བཅུ་བཞི་པ་བཅས་ཀྱི་བོད་མི་མང་དབུས་གཙང་སྤྱི་འཐུས་སུ་འོས་འདེམས་བྱུང་བ་མ་ཟད།  སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོའི་ལས་ཁུར་ཞུས།   བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་པའི་ནང་བཀའ་བརྒྱུད་སྤྱི་འཐུས་སུ་འོས་འདེམས་བྱུང་བ་ལྟར། ལས་ཁུར་ཞུ་བཞིན་པའི་སྐབས་སྟེེ། ༢༠༡༦ ལོའི་ཟླ་༡ ཚེས་༣༠ ཐོ་རངས་ཁར་དྷ་སར་སྐུ་གྲོངས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།