སྤྱི་འཐུས་རྒྱུན་ལས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཆད་འགེལ་ངོས་ལེན་བྱས་མི་འདུག

ཟླ་འདིའི་ཚེས་༢༥ ཉིན་སྟེ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་འཐུས་རྒྱུན་ལས་ལ་གཞུང་འབྲེལ་འོས་བསྡུའི་འདེམས་བྱེད་ཀྱི་ཐོབ་དབང་བཀག་བསྐྱིལ་བྱས་པའི་ཆད་འགེལ་བཀའ་ཁྱབ་གསལ་བསྒྲགས་བྱས་མ་ཐག སྤྱི་འཐུས་རྒྱུན་ལས་ནས་དེ་ལ་ངོས་ལེན་མེད་པའི་གསལ་བསྒྲགས་སྤེལ་སོང་།

དེ་ཡང་འདི་ལོའི་ཕྱི་ཟླ་༨ ཚེས་༡༧ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་སྐོང་འཚོགས་གནང་བའི་ཐོག གྲོས་ཚོགས་ཚོགས་དུས་བཅུ་པ་ཕར་འགྱངས་བྱས་པ་བཅའ་ཁྲིམས་ལུངས་འདྲེན་བྱས་ཡོད་པ་དང་། བཅའ་ཁྲིམས་ལེའུ་དང་པོ། དོན་ཚན་དྲུག་པའི་ནང་ “རྒྱལ་སྤྱིའི་ཁྲིམས་ལུགས་དང༌། ཡུལ་ཁྲིམས་ལ་བརྩི་སྲུང༌། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ལུགས་དང༌། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་རྒྱལ་སྤྱིའི་ཁྲིམས་ལུགས་དང༌། ལྷག་དོན་བོད་མིའི་གནས་ཡུལ་རྒྱལ་ཁབ་ཁག་གི་ཡུལ་ཁྲིམས་དང་མི་འགལ་བ་བྱ་རྒྱུ།” ལེའུ་ལྔ་པ། དོན་ཚན་བཞི་བཅུ་ཞེ་དགུ་པའི་ནང་གསེས་༢། “སྤྱི་འཐུས་ཉུང་མཐའི་གྲངས་ཚད་མ་ལོངས་པར་ཚོགས་འདུ་ཉིན་གྲངས་བདུན་ལྷག་འཕར་འགྱངས་བྱེད་དགོས་བྱུང་ན་ཚོགས་གཙོ་སྦྲེལ་པོས་ཚོགས་འདུ་འཕར་འགྱངས་ཀྱི་ཐག་གཅོད་བྱ་རྒྱུ།”ཞེས་གསལ་ཡོད་པ་རེད། ཕྱི་ཟླ་༨ ཚེས་༢༤ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་གྲོས་ཚོགས་ཕར་འགྱངས་དེ་ཁྲིམས་མཐུན་ཆགས་མེད་པའི་ཡི་གེ་ཞིག་སྤྱི་འཐུས་རྒྱུན་ལས་ལ་བཏང་འདུག

སྤྱི་འཐུས་རྒྱུན་ལས་ཀྱི་གསལ་བསྒྲགས་དེའི་ནང་། “ ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༥ འཁོད་“སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་མི་གྲངས་ ༡༡ ནས་བསམ་བཞིན་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བརྩི་མེད་བྱས་པའི་བྱེད་འཛོལ་ལ་ཆད་འགེལ་གྱི་ཐག་གཅོད་བཀའ་ཁྱབ།” ཅེས་པ་ཞིག་འབྱོར་བའི་ནང་། “གཞུང་འབྲེལ་འོས་བསྡུའི་འདེམས་བྱེད་ཀྱི་ཐོབ་དབང་བཀག་བསྐྱིལ་བྱས་བའི་ཆད་འགེལ་”བྱས་སྐོར་གསལ་འདུག་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་གཏོང་སའི་ཁྱབ་ཁོངས་སུ་མེད་པ་མ་པ་མ་ཟད། མང་གཙོའི་ཀ་བ་གསུམ་གྱི་འགན་དབང་གྱི་ས་མཚམས་ལས་བརྒལ་ཏེ་བཅའ་ཁྲིམས་དང་ཡོངས་སུ་འགལ་བའི་བྱེད་བབ་དེར་ངོས་ལེན་ཞུ་ཐབས་བྲལ། ཐོག་མའི་ཆར་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པ་དེ་བཞིན་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༦ ནས་ ༢༤ བར་འཚོག་རྒྱུའི་གཏན་འབེབས་ཀྱིས་ཚོགས་མི་རྣམ་པར་བརྡ་ཐོ་བཏང་ཟིན་ནའང་། འཛམ་གླིང་ཁྱོན་ཡོངས་སུ་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ པ་ཉིན་རེ་བཞིན་ཁྱབ་བདལ་ཆེ་རུ་ཕྱིན་པ་དང༌། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་གནས་ཡུལ་རྒྱ་གར་ནང་དུ་ཉིན་རེ་བཞིན་བསམ་ཡུལ་འདས་པའི་ནད་པའི་གྲངས་ཚད་འཕར་ཏེ་ཤིན་ཏུ་ཛ་དྲག་གི་གནས་སུ་གྱར་ཡོད་པ་དང་། དེ་འབྲེལ་རྒྱལ་ཁབ་ནས་རྒྱལ་ཁབ་དབར་དང་། རྒྱལ་ཁབ་སོ་སོའི་ནང་ཁུལ་བཅས་ཀྱི་འགྲུལ་བཞུད་བཀག་སྡོམ་དང༌། ཁྱིམ་སྡོད་བཀའ་རྒྱ། འགོག་དབྱེ་ཟུར་འཇོག གཞན་ཡང་གཉན་རིམས་སྔོན་འགོག་དང་འབྲེལ་བའི་ཛ་དྲག་གི་བྱེད་སྒོ་སྣ་ཚོགས་ཀྱི་རྐྱེན་པས་བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་སམ། བཞུགས་གནས་རྒྱ་གར་ཙམ་མ་ཡིན་པར་ཨ་རི་དང་། ཡུ་རོབ། ཨོ་སེ་ཀྲོ་ལི་ཡ། བལ་ཡུལ་བཅས་དང་། རྒྱ་གར་ནང་ཁུལ་ནས་ཀྱང་ཆེས་ཛ་དྲག་ཆེ་བའི་མངའ་སྡེ་དུ་མར་གནས་བཞིན་པར་བརྟེན་ཐོག་མའི་གཏན་འབེབས་ཀྱི་དུས་ཚེས་ཐོག་གྲོས་ཚོགས་འཚོག་ཐུབ་རྒྱུ་ཡིན་མིན་ཚོད་དཔག་དཀའ་བའི་གནས་སུ་གྱུར་སྐབས། སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་དང་ཚོགས་དྲུང་ལས་ཁུངས་བཅས་ནས་འབྲེལ་ཡོད་སྐུ་ཚབ་དོན་གཅོད་རྣམ་པར་འབྲེལ་ཞུས་དང་། བོད་མིའི་སྒྲིག་འཛུགས་གནས་ཡུལ་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་དཔོན་ (DC)5F1 (SP) SDM 55 ADM 55 JNanaganga འགྲུལ་བཞུད་ཀྱི་གནས་བབ་དང་། གལ་སྲིད་ཕྱི་རྒྱལ་ཁག་ནས་ཡོང་ཐུབ་པ་བྱུང་ཚེ་བྱེད་སྒོ་རྣམ་བཞག་གང་དགོས། རྒྱ་གར་ནང་ཁུལ་མངའ་སྡེ་སོ་སོ་ནས་སླེབས་ཚེ་ག་འདྲ་དགོས་སྐོར། ཚོགས་འདུ་དེ་རིགས་འཚོག་པ་ལ་ཆ་རྐྱེན་གང་དགོས་ཀྱི་ལམ་སྟོན་ཞུས་པ་སོགས་ལ་བརྟེན། ད་ལྟའི་ཆར་ཨ་རི་དང་། ཡུ་རོབ། ཨོ་སེ་ཀྲོ་ལི་ཡ། བལ་ཡུལ་བཅས་ནང་གནས་སྡོད་སྤྱི་འཐུས་༨ དང་ ཅས་ནང་འདེམས་ཐོན་ ༡ བཅས་ཚོགས་མི་གྲངས་ ༩ རྣམས་བཅར་མི་ཐུབ་པ་གསལ་པོ་ཡིན་པ་དང་། དེ་བཞིན་རྒྱ་གར་ནང་ཀར་ཎ་ཊ་ཀ་དང་། མ་ཧ་རཱ་ཤི་ཊ། བྷི་ཧར། ལྡི་ལི། ལ་དྭགས། མེ་གྷ་ལ་ཡ་བཅས་སུ་གནས་སྡོད་སྤྱི་འཐུས་ ༡༠ བཅས་རྒྱལ་ས་ལྡི་ལི་བརྒྱུད་དེ་ཡོང་དགོས་པ་དང༌། མངའ་སྡེ་སོ་སོའི་ནང་ནད་ཡམས་ཁྱབ་བདལ་ཤུགས་ཆེ་འཕེལ་བཞིན་པ། འགྲུལ་བཞུད་ཀྱི་ཆ་རྐྱེན་མི་ འདང་བ། ཧི་མ་ཅལ་ནང་དང་ལྷག་པར་ཀང་ར་རྫོང་ཁོངས་སུ་ཛ་དྲག་ཆེ་རུ་འགྲོ་བཞིན་པ་བཅས་ལ་བརྟེན་གོང་གསལ་སྤྱི་འཐུས་རྣམས་ཕེབས་དཀའ་བ་དང་། དེ་མིན་ཧི་མ་ཅལ་ནང་གནས་སྡོད་བྱེད་བཞིན་པ་སྤྱི་འཐུས་ ༢༦ ལས་ལྷག་མེད་པ། ད་དུང་ཡང་པ། འབྲེལ་ཡོད་ཀྱི་ལམ་སྟོན་ནང་ཚོགས་མི་ཉུང་འཕྲི་དགོས་པ། ལོ་གྲངས་ལ་ཚད་འཛིན་ཡོད་པ་སོགས་ཀྱིས་སྤྱི་འཐུས་ཀྱི་གྲུབ་ཆ་ལོངས་ཀྱི་མེད་པ་གསལ་པོ་ཆགས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་ཕར་འགྱངས་བྱེད་དགོས་ཐུག་པ་དེ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༤༠ པ་ལྟར་སྤྱི་འཐུས་རྒྱུན་ལས་དང་གོ་བསྡུར་ཐོག་ཚོགས་གཙོ་སྦྲེལ་པོས་བཅའ་ཁྲིམས་དོན་ཚན་ ༤༩ པའི་ནང་གསེས་ ༢ པ་དང་། བཅའ་ཁྲིམས་དོན་ཚན་ ༦ བཅས་ཀྱི་དགོངས་དོན་ལྟར་ཐག་གཅོད་བྱས་པ་ཞིག་ཡིན་ཀྱང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཅའ་ཁྲིམས་ལ་ལྟོས་མེད་ཐོག་ཁྲིམས་ཀྱིས་ངོས་བཞེས་ཞེས་པ་བརྒྱུད་སྤྱི་འཐུས་རྒྱུན་ལས་ཀྱིས་བཅའ་ཁྲིམས་དང་འགལ་འཛོལ་བྱས་སྐོར་དང་། བཅའ་ཁྲིམས་ཀྱི་བཀའ་རྒྱ་ལག་བསྟར་བྱ་ཐབས་མ་བསྟེན་ཚེ་ཆད་འགེལ་བྱ་དགོས་ཆགས་རྒྱུའི་བཀའ་ཁྱབ་ཅེས་པ་བཏང་བ་དང་འབྲེལ། ཚོགས་གཙོ་སྦྲེལ་པོ་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཆེད་བཅར་གྱིས་ཁྲིམས་ཞིབ་པ་ཆེ་བར་གྲོས་ཚོགས་ཕར་འགྱངས་བྱས་པ་དེ་བཅའ་ཁྲིམས་དང་འགལ་མེད་པའི་གསལ་བཤད་དང་། དེ་རྗེས་རྒྱུན་ལས་ཀྱིས་ཁྲིམས་འགལ་བྱས་མེད་པའི་གསལ་འདེབས། ཞུ་སྐུལ་བཅས་གང་ཕུལ་ཡང་བརྩི་མེད་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་ཕྱོགས་གཅིག་ཁོ་ནའི་བསམ་ཚུལ་དང་འགྲེལ་བཤད་ཤ་སྟག་བྱས་ཏེ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམས་ཐོག་མ་ཉིད་ནས་བོད་ཀྱི་ཡུལ་མིའི་ལས་འགན་མ་བླངས་མཁན་རང་དུ་ངོས་འཛིན་བྱས་པ་ལྟར་གྱི་ཐག་གཅོད་དེ་ཉིད། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་སྤྱི་འཐུས་རྒྱུན་ལས་ཚོའི་འདེམས་བྱེད་ཀྱི་ཐོབ་དབང་བཀག་བསྐྱིལ་བྱ་རྒྱུའམ་ཉེས་ཆད་གཅོད་རྒྱུའི་དབང་ཚད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་འགོ་མཇུག་བར་གསུམ་གང་དུ་ཡང་གསལ་མེད་པར་བརྟེན་བཅའ་ཁྲིམས་དང་འགལ་བའི་ཐག་གཅོད་དེར་ངོས་ལེན་ཞུ་ཐབས་བྲལ།” ཞེས་འཁོད་འདུག

གསལ་བསྒྲགས་ནང་མུ་མཐུད་འཁོད་དོན། “བཅའ་ཁྲིམས་དོན་ཚན་ ༤༦ པ། སྤྱི་འཐུས་ཀྱི་དམིགས་བསལ་ཐོབ་ཐང་། ༡ སྤྱི་འཐུས་སུ་རུང་ནས་སྤྱི་འཐུས་ལྷན་འཚོགས་སམ། དེའི་ཚོགས་ཆུང་གང་རུང་ནང་གྲོས་མོལ་གླེང་ཕྱོགས་དང་། འོས་བསྡུ་བྱེད་སྟངས་འགྲིག་མིན་གྱི་སྐོར་ལ་སུས་ཀྱང་ཁྲིམས་ཞིབ་ཁང་དུ་ཞུ་གཏུགས་མི་ཆོག ཅེས་གསལ་བ་ལྟར། གྲོས་ཚོགས་ཕར་འགྱངས་བྱས་པ་དེ་ཡང་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་རྒྱུན་ལས་ཚོགས་ཆུང་དང་གོ་བསྡུར་གྱིས་ཚོགས་གཙོ་སྦྲེལ་པོས་ཐག་གཅོད་བྱས་པ་ཞིག་ཡིན་པས། ཁྲིམས་ཞིབ་ཁང་དུ་ཞུ་གཏུགས་ཀྱང་མི་ཆོག་པ་ཞིག་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཐེ་བྱུས་བྱས་པ་དེ་དོན་ཚན་འདི་དང་འགལ་ཡོད། བཅའ་ཁྲིམས་དོན་ཚན་ ༥༨ པ། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་ཞིབ་རྩད་གཅོད་མི་ཆོག་པ། ༡ སྤྱི་ ལ་ འཐུས་ལྷན་ཚོགས་ཀྱི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་ཐག་གཅོད་བྱེད་ཕྱོགས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་བསྙད་དེ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག ༢ ལྷན་ཚོགས་ཀྱི་འགྲོ་ལུགས་དང་། སྒྲིག་གཞི་བཟོ་འགོད་བཅས་ཀྱི་ཆེད་བཅའ་ཁྲིམས་འདི་ཐོག་ནས་སྤྲད་པའི་དབང་ཚད་ལག་བསྟར་བྱེད་ཕྱོགས་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་སུ་ཡང་ཁྲིམས་ཞིབ་ཁང་གང་གིའང་ཁྱབ་ཁོངས་སུ་མེད། ཅེས་གསལ་བ་ལྟར་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱི་ལས་དོན་རྣམས་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ཡིན་པ་དང་། སྤྱི་འཐུས་རྒྱུན་ལས་རྣམས་ཀྱང་ལྷན་ ཚོགས་ཀྱི་ཚོགས་མི་ཡིན་པ་སུ་ལའང་ཀླན་ཀ་ཡོང་གཞི་མེད་ན་བཅའ་ཁྲིམས་ཀྱིས་འགན་དབང་སྤྲད་པའི་དབང་ཚད་ ལག་བསྟར་བྱེད་ཕྱོགས་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་སུ་ཡང་ཁྲིམས་ཞིབ་ཁང་གང་གིའང་ཁྱབ་ཁོངས་སུ་མེད་ཀྱང་། ད་ལན་སྤྱི་འཐུས་རྒྱུན་ལས་ཀྱིས་བཅའ་ཁྲིམས་དགོངས་དོན་ལས་དོན་ཐག་གཅོད་བྱས་པ་དེར་ཆེས་མཐོའི་ ཁྲིམས་ཞིབ་ཁང་ནས་རྩད་གཅོད་བྱས་པ་དང་། རྒྱུན་ལས་ཀྱི་ཚོགས་མི་རྣམས་ཀྱི་འདེམས་བྱེད་ཀྱི་ཐོབ་དབང་བཀག་བསྐྱིལ་བྱས་པ་དེ་ཡང་བཅའ་ཁྲིམས་དང་ཡོངས་སུ་འགལ་ཡོད། མདོར་ན་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་གོང་དུ་བསྡད་ནས་ཐག་གཅོད་བྱས་པ་དེར་ནམ་ཡང་ངོས་ལེན་བྱ་ཐབས་མེད་པ་དང་། དེ་བཞིན་འཛིན་སྐྱོང་བཀའ་ཤག་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་ གཙོས་འབྲེལ་ཡོད་ཚང་མས་བཅའ་ཁྲིམས་དང་འགལ་བའི་ཐག་གཅོད་དེར་ངོས་བཞེས་གནང་ན་འགྲིག་ཐབས་མེད་པར་བརྟེན་དེ་དོན་དགོངས་འཇགས་དགོས་པ་དང་། གནད་དོན་འདི་འབྲེལ་དགྲ་དགའ་གཉེན་སྡུག་སོགས་ཀྱི་དཀའ་རྙོག་བྱུང་ རིགས་ཡོངས་རྫོགས་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་དང་། ཁྲིམས་ཞིབ་པ་གཞན་ཀརྨ་དགྲ་འདུལ། ཁྲིམས་ཞིབ་པ་གཞན་བསྟན་འཛིན་ལུང་རྟོགས་རྣམས་ནས་འགན་ཁུར་དགོས་”ཞེས་གསལ་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།