སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༠ པ་ལོ་རྗེས་མའི་ཕྱི་ཟླ་༣ བར་ཕར་འགྱངས་བྱས་སོང་།

 ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ཉེན་ཁྲོད། འདི་ལོའི་ཕྱི་ཟླ་༩ ཚེས་༡༦ ཉིན་ནས་འགོ་ཚུགས་ཏེ་ཉིན་གྲངས་བརྒྱད་རིང་འཚོགས་གཏན་ཁེལ་བའི་སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༠ པ་ལོ་རྗེས་མའི་ཕྱི་ཟླ་༣ བར་ཕར་འགྱངས་བྱས་པའི་གསལ་བསྒྲགས་སྤེལ་སོང་། 

དེ་ཡང་དེ་རིང་ཞོགས་པའི་ཆུ་ཚོད་༡༠:༣༠ ཙམ་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་ནས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་སྐོང་འཚོགས་གནང་བའི་ཐོག འདི་ལོའི་ཕྱི་ཟླ་དགུ་པའི་གྲོས་ཚོགས་ཚོགས་དུས་དེ་སྔོན་འཆར་ལྟར་འཚོགས་མི་ཐུབ་པར་ཟླ་བ་དྲུག་ཙམ་ལ་ཕར་འགྱུངས་བྱས་པ་དང་། དེའི་རྒྱུ་མཚན་རྣམས་གསལ་བཤད་གནང་སོང་། 

གསར་འགོད་གསལ་བསྒྲགས་དེའི་ཐོག ཚོགས་གཙོ་པདྨ་འབྱུང་གནས་ཀྱིས་བོད་ཡིག་དང་། ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་དབྱིན་ཡིག་ཐོག་ནས་དོན་ཚན་༡༠ ལྡན་པའི་བསྒྲགས་གཏམ་དེ་སྒྲོགས་སྦྱང་གནང་བ་གཤམ་གསལ་ལྟར་རོ། 

༡༽ ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༣ ཉིན་བོད་མི་མང་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཚོགས་ཐེངས་ ༣༢༧ ཐོག་བཀའི་བསྡུར་ཐག་གཅོད་བྱུང་དོན་ལྟར། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པ་དེ་བཞིན་དེ་སྔོན་ཕྱི་ཟླ་ ༩ ཚེས་ ༡༦ རེས་གཟའ་ལྷག་པ་ནས་ཚེས་ ༢༤ རེས་གཟའ་ཕུར་བུ་བར་ལས་དུས་ཉིན་གྲངས་བརྒྱད་རིང་འཚོགས་རྒྱུའི་གསལ་བསྒྲགས་བྱས་ཡོད་ཀྱང་། གཏན་འབེབས་དུས་ཚོད་ཐོག་འཚོགས་མི་དགོས་པར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦ པ་དང་། དོན་ཚན་ ༤༩ པའི་ནང་གསེས་ ༢ པའི་དགོངས་དོན་ལྟར་ཕྱི་ལོ་ ༢༠༢༡ ཟླ་ ༣ པའི་བར་ཕར་འགྱངས་བྱས་པ་ཡིན།

༢༽ རྒྱུ་མཚན་ནི་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ རྐྱེན་པས་འཛམ་གླིང་ཁྱོན་ཡོངས་ཀྱི་གནས་སྟངས་ཉི་མ་ནས་ཉི་ནས་མར་ཆེས་ཛ་དྲག་ཏུ་འགྱུར་བཞིན་པ།

༣༽ ལྷག་པར་རྡ་ས་ས་གནས་ནི་༧རྒྱལ་བའི་བཞུགས་སྒར་ལ་སོང་ང་ཚོས་གང་ཅིའི་ཐད་འགན་ཁུར་བྱ་དགོས་པ་དང་། གྲོས་ཚོགས་ཚོགས་པའི་དབང་དུ་བཏང་ན་ཡང་རྒྱལ་སྤྱིའི་འགྲུལ་བཞུད་སྒོ་རྒྱ་བསྡམས་པའི་རྐྱེན་གྱིས་འགྲོ་འོང་དཀའ་ངལ་ཆ་ནས་རྒྱ་གར་ལས་གཞན་པའི་ཕྱི་རྒྱལ་དུ་ཡོད་པའི་སྤྱི་འཐུས་མང་ཆེ་བ་ཕེབས་མི་ཐུབ་པ་དང་། རྒྱ་གར་ནང་ནས་ཀྱང་སྤྱི་འཐུས་ཇི་ཙམ་ཕེབས་ཐུབ་ཀྱི་ཡོད་མེད་རྟོགས་ཐབས་དཀའ་བའི་གནས་སྟངས་བཅས་ཀྱི་ཆ་ནས་ད་ལན་ཐག་གཅོད་དེ་འདྲ་ཞིག་མ་བྱས་ཀ་མེད་ཆགས་སོང་།

༤༽ ཕྱི་ཟླ་ ༩ པའི་གྲོས་ཚོགས་འཚོགས་རྒྱུ་མིན་ན་ཡང་། དེ་འབྲེལ་ལས་དོན་རྣམས་འཐུས་ཤོར་མེད་པར་འབད་སྒྲུབ་བྱ་རྒྱུ་ཡིན།

༥༽ དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༡༩ ༩་་་༢༠ ལོའི་ལོ་འཁོར་ལས་བསྡོམས་རྒྱས་པར་སྤྱི་འཐུས་ རྒྱུན་ལས་ནས་རྣམ་ཀུན་ལྟར་ཞིབ་འཇུག་ཞུ་མུས་ཡིན་པ་དང་། དེར་དྲི་བ་ཇི་ཡོད་བཀའ་དྲུང་ཡིག་ཚང་བརྒྱུད་ལས་ཁུངས་སོ་སོར་འབུལ་རྒྱུ་ཡིན། 

༦༽ དེ་བཞིན་ལྷན་ཁང་ཁག་གི་ལས་བསྡོམས་སྙིང་བསྡུས་དང་རྒྱུན་ལས་ཀྱི་དྲི་བའི་ལན་འདེབས་བཅས་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༠ འགྱངས་མེད་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་སུ་ PDF ནང་ཕུལ་ཟིན་པ་དགོས།

༧༽ལས་བསྡོམས་སྙིང་བསྡུས་ PDF ནང་ཕུལ་འབྱོར་བྱུང་བ་རྣམས་སྤྱི་འཐུས་རྣམ་པར་གློག་འཕྲིན་བརྒྱུད་འབུལ་ལམ་ཞུ་རྒྱུ། 

༨༽ ལས་བསྡོམས་སྙིང་བསྡུས་ཐོག་སྤྱི་འཐུས་རྣམ་པའི་དྲི་བ་ཡོད་རིགས་ཕྱི་ཟླ་ ༡༠ ཚེས་ ༡༥ འགྱངས་མེད་ཚོགས་དྲུང་ལས་ཁུངས་སུ་གནང་རྒྱུ་དང་། ཚོགས་དྲུང་ལས་ཁུངས་ནས་བཀའ་དྲུང་ཡིག་ཚང་བརྒྱུད་དཔལ་ལྡན་བཀའ་ཤག་ལ་འབུལ་རྒྱུ།

༩༽འཛིན་སྐྱོང་ནས་ལས་བསྡོམས་ཀྱི་དྲིས་ལན་རྣམས་ཕྱི་ཟླ་ ༡༠ ཚེས་ ༣༡ འགྱངས་མེད་ཚོགས་དྲུང་ལས་ཁུངས་སུ་ངེས་གནང་ཟིན་དགོས་པ་ཡིན། 

༡༠༽ སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་ཁག་གི་ལོ་འཁོར་ལས་བསྡོམས་རྒྱས་བསྡུས་གཉིས་ཀྱི་དྲི་བ་དང་དྲིས་ལན་རྣམས་རང་རེའི་རྒྱ་ཆེའི་མང་ཚོགས་ཀྱི་མཁྱེན་རྟོགས་སླད་སྤྱི་འཐུས་ལྷན་ཁང་གི་དྲྭ་རྒྱའི་ཐོག་འགྲེམས་སྤེལ་བྱ་རྒྱུ་བཅས། །

གསར་འགོད་པ་དཀོན་མཆོག་རབ་བརྟན།