སྤྱི་འཐུས་ཤོག་ཁག་གཉིས་ཀྱིས་“དབུ་མའི་ལམ་”ཞིག་མ་རྙེད་པར་ཁྲིམས་མཐུན་ཡིན་མིན་རྩོད་རྙོག་མུ་མཐུད་འདུག

བར་བརྒལ་ཚོགས་གཙོའི་སྐུ་མདུན་ནས་དལ་འབུལ་ཞུ་མཁན་གྱི་སྤྱི་འཐུས་ཚོས། སྐུ་པར་དང་བཅའ་ཁྲིམས་འོག་ནས་དམ་འབུལ་ཞུ་མཁན་ཚོས་ཀྱང་“བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༤༧ པ་གཞིར་བཟུང་དམ་འབུལ་”ཞུས་ན་མ་གཏོགས་“སྤྱི་འཐུས་ལྷན་ཚོགས་ཀྱི་ལས་རིམ་གང་ལའང་མཉམ་ཞུགས་གནང་ཐབས་བྲལ་”བའི་གསལ་བསྒྲགས་སྤེལ་སོང་།

དེ་རིང་ཞོགས་པར་སྐུ་པར་མཐོང་གྲོལ་ཆེན་པོ་ཆེ་དང་བཅའ་ཁྲིམས་ཀྱི་སྐུ་མདུན་དུ་དམ་འབུལ་ཞུ་མཁན་གྱི་སྐབས་༡༧ པའི་མདོ་སྟོད་སྤྱི་འཐུས་བཅུ་དང་། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་སྤྱི་འཐུས་ཐུན་མོང་གི་སྐུ་ཚབ་ཀྱིས་འོས་བསྡུ་ལས་ཁང་ནས་ཚོགས་གཙོ་ཚོགས་གཞོན་འོས་བསྡུ་བྱ་རྒྱུའི་དུས་ཚོད་ག་དུས་གཏན་ཁེལ་བྱས་ཀྱང་ཁོང་ཚོ་བཅར་རྒྱུའི་གྲ་སྒྲིག་ཆ་ཚང་ཡོད་པ་མ་ཟད། མདོ་སྟོད་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་རྒྱུན་ལས་ཀྱང་གཏན་ཁེལ་ཟིན་པའི་གསལ་བསྒྲགས་ཤིག་སྤེལ་བའི་རྗེས། ཕྱི་དྲོར་བར་བརྒལ་ཚོགས་གཙོའི་སྐུ་མདུན་ནས་དམ་འབུལ་ཞུ་མཁན་གྱི་སྐབས་༡༧ པའི་དབུས་གཙང་གི་སྤྱི་འཐུས་དགུ་དང་མདོ་སྨད་ཀྱི་སྤྱི་འཐུས་བཅུ་ཐུན་མོང་གིས་གོང་གི་སྤྱི་འཐུས་རྣམ་པའི་དམ་འབུལ་དེ་ཁྲིམས་མཐུན་ཆགས་མེད་པ་དང་། “འབྱུང་འགྱུར་འདེམས་ཐོན་སྤྱི་འཐུས་རྣམ་པས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༤༧ པ་གཞིར་བཟུང་དམ་འབུལ་ཞུས་ཏེ། བཅའ་ཁྲིམས་དོན་ཚན་༤༩ པའི་ཆ་རྐྱེན་མ་ལོངས་པར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་འོས་བསྡུའི་མཚོན་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་རིམ་གང་ལའང་མཉམ་ཞུགས་གནང་ཐབས་བྲལ་བ་”ཡིན་པའི་གསལ་བསྒྲགས་གནང་སོང་། 

འདི་ལྟར་སྤྱི་འཐུས་ཕྱོགས་ཁག་གཉིས་སུ་གྱུར་ནས་ཁྲིམས་མཐུན་ཡིན་མིན་གྱི་རྩོད་རྙོག་འབྱུང་བཞིན་པའི་རྒྱུ་མཚན་གཙོ་བོ་ནི། འདི་ལོའི་ཕྱི་ཟླ་ ༣ པའི་གྲོས་ཚོགས་ནང་གཞུང་འབྲེལ་གྲོས་ཆོད་ལམ་ནས་འཕོ་འགྱུར་བཏང་བའི་ཁྲིམས་ཞིབ་པ་གསུམ་གྱིས་ཕྱི་ཟླ་ ༥ ཚེས་ ༢༤ ཉིན་བསྐྱར་དུ་ལས་ཁུར་རྒྱུན་སྐྱོང་བྱ་རྒྱུའི་ཐག་གཅོད་བྱས་པ་ཡིན་པའི་གསལ་བསྒྲགས་ཤིག་སྤེལ་ནས་ཕྱིར་ལས་གནས་ལ་བསླེབས་པ་དེར་ཐུག་ཡོད་པ་རེད། 

༧རྒྱལ་བའི་སྐུ་པར་གྱི་མདུན་ནས་དམ་འབུལ་ཞུ་མཁན་གྱི་སྤྱི་འཐུས་ཚོས་“བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་འཕོ་འགྱུར་བཏང་ཟིན་པའི་ཁྲིམས་ཞིབ་པ་ཟུར་པ་དེ་དག་ཁྲིམས་མཐུན་གྱི་བརྒྱུད་ལམ་གང་ཡང་མ་བརྒྱུད་པར་སྔར་གྱི་ལས་གནས་སུ་ཕྱིར་ལོག་བྱས་པ་རྣམས་ཁྲིམས་ཞིབ་པར་བརྩི་བཀུར་བྱས་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་མེད་པ་ཞིག་ཏུ་གྱུར་ཡོད་”ཅེས་བརྗོད་སོང་། 

བར་བརྒལ་ཚོགས་གཙོའི་མདུན་ནས་དམ་འབུལ་ཞུ་མཁན་ཚོས་སྐབས་དེའི་སྤྱི་འཐུས་རྩ་འབུར་སུམ་ཆ་གཉིས་ཀྱིས་མང་མོས་བྱས་ནས་བཞག་པའི་གྲོས་ཆོད་ཡིག་ཆ་ཨང་༣༩ པ་དེ་“བཅའ་ཁྲིམས་དང་མཐུན་པ་ཞིག་ཆགས་མེད་”པ་ཤེས་རྟོགས་བྱུང་བས། སྤྱི་འཐུས་༡༩ དང་སྒེར་པ་༢ ཀྱིས་དེར་ནོར་བ་ཁས་ལེན་གྱིས་ཁྲིམས་ཞིབ་པར་ཞུ་ཡིག་ཕུལ་བས། ཡིག་ཆ་དེ་རང་བཞིན་གྱིས་རྩིས་མེད་དུ་གྱུར་ཟིན་ཚུལ་བརྗོད་ཀྱི་ཡོད་པ་རེད།

སྐུ་པར་མཐོང་གྲོལ་རིན་པོ་ཆེས་མདུན་ནས་དམ་བཅའ་འབུལ་མཁན་ཚོས་བརྗོད་པ་ལྟར་ན། སྤྱི་འཐུས་ཚོས་དཀའ་རྙོག་ཐབས་ལམ་ཞིག་འཚོལ་དགོས་ཀྱི་འདུག་ཅེས་ཆོལ་ཁ་གསུམ་དང་ཆོས་བརྒྱུད་ཁག ཨ་རིའི་དང་ཡུ་རོབ་བཅས་ནས་འབྲེལ་མཐུད་པ་གཉིས་རེ་ཆེད་གཏོང་གིས་ནང་ཁུལ་གྲོས་མོལ་བྱས་པ་དང་། བར་བརྒལ་ཚོགས་གཙོས་དམ་འབུལ་དེ་༧གོང་ས་མཆོག་གི་སྐུ་པར་མདུན་དུ་ཞུས་རྗེས། ཚང་མས་བར་བརྒལ་ཚོགས་གཙོའི་མདུན་ནས་དམ་འབུལ་ལེན་རྒྱུའི་གྲོས་འགོ་བཏོན་ཡོད་ནའང་། གྲོས་འཆམ་མ་བྱུང་བར་བརྟེན། ཨ་རི་དང་ཡུ་རོབ་ཀྱི་སྤྱི་འཐུས་བཞི་ཆས་སྐུ་པར་མདུན་དུ་དམ་འབུལ་བྱེད་འདོད་མཁན་དང་། ཁྲིམས་ཞིབ་པའི་མདུན་ནས་བར་བརྒལ་ཚོགས་གཙོས་དམ་འབུལ་བྱས་རྗེས་ཁོང་གི་མདུན་དུ་དམ་འབུལ་བྱེད་འདོད་མཁན་གཉིས་ཀ་ངོས་ལེན་བྱེད་རྒྱུའི་གྲོས་འགོ་བཏོན་པ་ལྟར། ཚེས་ ༨ ཉིན་དམ་འབུལ་སྐབས་ཕྱོགས་ཁག་གཉིས་ནས་དེ་ལྟར་དམ་འབུལ་བྱས་ཡོད་པ་རེད། 

ཕྱི་དྲོའི་གསར་འགོད་གསལ་བསྒྲགས་དེའི་ཐོག གསར་འགོད་པ་ཚོས་བཅའ་ཁྲིམས་དོན་ཚན་༥ གཞིར་བཟུང་གི་ཐོག་ནས་གྲོས་ཆོད་ཡིག་ཆ་༣༩ དེ་ནུས་མེད་བཏང་བ་ཡིན་ཟེར་ནས་བཤད་ན། གལ་སྲིད་རྗེས་སུ་སྤྱི་འཐུས་༢༢ ཙམ་གྱིས་གྲོས་ཚོགས་མ་འཚོགས་པར་ཕྱི་ལོགས་ནས་སྔར་གྱི་གཞུང་འབྲེལ་གྲོས་ཆོད་གཅིག་བཅའ་ཁྲིམས་ཀྱི་དོན་ཚན་ཞིག་“འདི་དང་དེ་ལ་འགལ་འདུག་”ཅེས་བཤད་དེ་གྲོས་ཆོད་དེ་ནུས་མེད་བཏང་ན་ཆོག་གམ་ཞེས་དྲིས་པར། མདོ་སྨད་སྤྱི་འཐུས་དོན་གྲུབ་བཀྲ་ཤིས་ཀྱིས་ “ལས་རིམ་དེ་འདྲ་ཞིག་བྱས་ན་མ་ཆོག་པ་ཡོད་མ་རེད་བསམ་གྱི་འདུག གང་ཡིན་ཟེར་ན། ཡང་འགྲོ་སྟངས་ཤིག་རེད་བ། རང་བཞིན་གྱིས་ནུས་མེད་དུ་ཕྱིན་པ་གང་ཞིག་ལ་ཡིག་ཐོག་དུ་བཞག་པ་ཡིན་ན། མ་ཆོག་པ་གང་ཡང་ཡོད་མ་རེད་བསམ་གྱི་འདུག སྤྱི་འཐུས་ ༢༢ ཡིན་ན་རེད། སྤྱི་འཐུས་མང་པོ་ཞིག་གི་ངོས་ནས་’ད་འདི་ནུས་མེད་ལ་འགྲོ་ཡས་ཀྱི་ལས་རིམ་ཞིག་འགྲོ་དགོས་ཀྱི་འདུག་’ལབ་པ་ཡིན་ན། དེ་མ་ཆོག་པ་ཡོད་མ་རེད་”ཅེས་ལན་གནང་བའི་ཐོག “ཡིན་པ་ཡིན་ན་ཡང་། ངས་ད་གིན་ཞུ་ཡས་དེ། བཅའ་ཁྲིམས་ཀྱི་དངོས་བསྟན་དང་ཤུགས་བསྟན་གང་གིས་བལྟས་པ་ཡིན། སྒྲིག་གཞི་དེ་རང་བཞིན་གྱིས་ནུས་མེད་དུ་འགྲོ་དགོས་པ་ཞིག་ཆགས་ཀྱི་ཡོད་རེད་”ཅེས་བསྣན་སོང་། ། གནས་ཚུལ་སྔོན་སོང་དྲ་ཐག

གསར་འགོད་པ་དཀོན་མཆོག་རབ་བརྟན།