སྤྱི་ལོ་དང་ཕྱི་ལོའི་ཁྱད་པར།

(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༩༧༩)

ཕྱི་ལོ་ཞེས་པ་ད་ལྟའི་ཆར་འཛམ་གླིང་སྤྱི་ཡོངས་ནས་བེད་སྤྱོད་བྱེད་པ་ལྟ་བུར་གྱུར་ཡོད་ལ། བོད་ཡིག་ནང་དུའང་སྤྱི་ལོ་དང་ཕྱི་ལོ་གཉིས་ཀ་བེད་སྤྱོད་བྱེད་མཁན་ཡོད། རྩ་བས་བརྩི་ཚུལ་འདི་ཡེ་ཤུའི་ཆོས་ལུགས་ཀྱི་སྟོན་པ་ཡེ་ཤུ་མ་ཤི་ཀ་སྐུ་འཁྲུངས་པའི་ལོ་ནས་བརྩིས་པ་ཞིག་ཏུ་གྱུར་ཡོད། བོད་ཡིག་ནང་ཐོག་མ་སྤྱི་ལོ་ཞེས་པ་བེད་སྤྱོད་བཏང་ཡོད་ལ། ཚིག་འདིའི་རྒྱབ་ལྗོངས་ཀྱང་ཕྱི་ལོ་༡༩༤༩ ལོར་རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་གི་དབང་ཆ་བཟུང་བ་ནས་རྒྱ་ནག་ཏུ་བེད་སྤྱོད་བྱས་པ་ཞིག་ཡིན་པ་དང་། རྒྱ་དམར་གཞུང་གིས་བོད་བཙན་བཟུང་བྱས་པ་ནས་བོད་ལའང་ལོ་འདི་བརྩི་སྲོལ་ཐོག་མར་དར་བ་ཞིག་ཡིན། གཙོ་བོ་ཚིག་གི་ཆ་ནས་སྤྱི་ལོ་ཞེས་པ་རྒྱ་ཡིག་བེད་སྤྱོད་བྱེད་སྟངས་ཀྱི་ཐོག་ནས་དར་ཞིང་། བཙན་བྱོལ་ནང་དུའང་མུ་མཐུད་སྤྱི་ལོ་བེད་སྤྱོད་བྱས་ཡོད་ཀྱང་། བར་ལམ་ཞིག་ནས་སྤྱི་ལོའི་ཚབ་ལ་ཕྱི་ལོ་བེད་སྤྱོད་གཏོང་མཁན་མང་དུ་སོང་། ད་ལྟའི་ཆར་བཙན་བྱོལ་ནང་དུའང་མུ་མཐུད་སྤྱི་ལོ་བེད་སྤྱོད་བྱེད་མཁན་དང་། བོད་ནང་དུ་ཕྱི་ལོ་བེད་སྤྱོད་བྱེད་མཁན་ཡང་མང་ཙམ་ཡོང་གི་འདུག

བོད་ཡིག་གི་གོ་དོན་ཐོག་ནས་སྤྱི་ལོ་ཞེས་པ་འཛམ་གླིང་སྤྱི་ཡོངས་ལ་གོ་བ་དང་། ཕྱི་ལོ་ཞེས་པ་རྒྱལ་ཁོངས་ཀྱི་ཆ་ནས་ཕྱི་རྒྱལ་གྱི་ལོ་དང་། ཆོས་ལུགས་ཀྱི་ཆ་ནས་ཕྱི་རོལ་པའི་ལོ་ཞེས་པར་གོ་བ་ལེན་གྱི་ཡོད་པ་རེད། ད་དུང་བོད་ཡིག་ནང་ཡེ་ཤུའི་སྟོན་པའི་འཁྲུངས་ལོ་ཡིན་པའི་ཆ་ནས་ལོ་བརྩི་ཚུལ་འདི་ལ་ཡེ་ལོ་ཞེས་འབྲི་མཁན་ཡང་མཐོང་རྒྱུ་ཡོད། ཕྱོགས་གཅིག་ནས་སྒྲ་ནི་བརྗོད་འདོད་ཡོད་པ་ཙམ་ཐད་ཀར་བརྗོད་པ་ཞིག་ལས། མཐའ་གཅིག་ཏུ་མིང་ཚིག་དེ་དང་འབྲེལ་བའི་རྒྱབ་ལྗོངས་དང་རྒྱུ་མཚན་འགྲེལ་བཤད་ངེས་པར་དུ་དགོས་པ་ཞིག་མ་རེད་དེ། ཐ་སྙད་ཁ་ཤས་ཚིག་གི་ངོ་གདོང་རྒྱབ་ལྗོངས་ཀྱི་ལོ་རྒྱུས་དང་འབྲེལ་བ་ཆེན་པོ་ཡོད་པས་ངེས་པར་བསམ་བློ་གཏོང་དགོས་པ་ཞིག་རེད། སྤྱིར་ཐ་སྙད་གཏིང་ཚུགས་ཟིན་པ་ཞིག་ལ་བསྐྱར་དུ་འགྱུར་བ་གཏོང་གལ་མི་ཆེ་ནའང་། དགོས་པ་དང་རྒྱུ་མཚན་དམིགས་བསལ་ལ་བརྟེན་ནས་སྐབས་འགར་བསམ་གཞིག་ངེས་པར་དུ་དགོས་པ་ཞིག་ཀྱང་རེད། དེར་བརྟེན་སྤྱི་ལོ་དང་ཕྱི་ལོ་གཉིས་ཀྱི་ཚིག་དོན་འདིའི་རྒྱབ་ལྗོངས་སྐོར་གླེང་འོས་པ་ཞིག་ཏུ་གྱུར་ཡོད།

ད་ལྟའི་ཆར་བོད་པའི་སྤྱི་ཚོགས་ནང་བོད་ཡིག་ལ་བྷོ་ཊི་ལབ་པ་ལྟ་བུ་ལ་ཚོར་བ་ཧ་ཅང་ཆེན་པོ་ཡོད་མཁན་ཡོད་ལ། ཁ་ཤས་ཀྱིས་ཡེ་ཤུའི་འཁྲུངས་སྐར་སྲུང་བརྩི་བྱེད་མཁན་དང་། ཕྱི་ལོ་གསར་ཚེས་ལ་ཕན་ཚུན་འཚམ་འདྲི་བྱེད་པ་སོགས་མི་འོས་ཚུལ་བརྗོད་མཁན་ཡང་ཡོང་གི་ཡོད། དོན་དུ་འཛམ་གླིང་ཤར་ནུབ་ཀུན་ཏུ་ཤུགས་རྐྱེན་ཆེ་ཤོས་ཀྱི་སྐད་ཡིག་དབྱིན་ཇི་རེད་ལ། ཤུགས་རྐྱེན་ཆེ་ཤོས་ཀྱི་ཆོས་ལུགས་ཀྱང་ཡེ་ཤུའི་ཆོས་ལུགས་རེད། མངོན་དང་མི་མངོན་པའི་ཚུལ་གྱིས་དར་ཁྱབ་སོང་ཞིང་ད་ལྟའི་ཆར་ཡེ་ཤུའི་སྟོན་པའི་འཁྲུངས་ལོ་སྤྱི་ལོར་བརྩི་དགོས་པ་དང་། དབྱིན་ཇིའི་སྐད་ཡིག་འཛམ་གླིང་གི་སྤྱི་སྐད་དུ་གྱུར་པ། ཨ་རིའི་ཌོ་ལོར་འཛམ་གླིང་གི་སྤྱི་དངུལ་ལྟ་བུར་གྱུར་ཟིན་པ་ནི། སྐད་ཡིག་དང་། ཆོས་ལུགས། སྒོར་མོ་བཅས་ཀྱི་བདག་པོའི་བསམ་བློ་དང་འཆར་གཞི་ནུས་པ་ཤུགས་རྐྱེན་བཅས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས། བོད་པ་ལྟ་བུའི་ཉམ་ཆུང་མི་རིགས་ཤིག་གིས་དེ་དག་ལ་འགྲམ་ཆུ་ལྡང་བ་ཙམ་ལས་འགྲན་རྩོད་ཀྱི་ནུས་པ་ནི་གཏན་ནས་མེད།

རིག་གནས་ཀྱི་ཐོག་ནས་ནུབ་ཕྱོགས་པས་རིག་གནས་ཀྱིས་འཛམ་གླིང་སྤྱི་ལ་དབང་བསྒྱུར་ཡོད་པ་དང་། དཔལ་འབྱོར་དང་དམག་དོན་སོགས་གང་ཐད་ནས་ད་ལྟའི་ཆར་ནུབ་ཕྱོགས་པར་གཞན་གྱིས་འགྲན་ཟླ་བ་བྲལ་བ་ཞིག་ཏུ་གྱུར་ཟིན། འོན་ཀྱང་ཆེ་ས་ནས་ནུས་པ་འདོན་མ་ཐུབ་ནའང་ཆུང་ས་ནས་ཐ་སྙད་ཆུང་ཆུང་ཞིག་གི་ངོ་གདོང་ལ་བརྟེན་ནས་གནད་དོན་གཙོ་བོ་བརླག་མི་རུང་བ་དང་། ནུས་པ་ཡོད་པ་ཞིག་ལ་སྔོན་འགོག་དང་གདོང་བྱེད་དགོས་པ་ཞིག་རེད། སྤྱི་ལོ་ལ་ཕྱི་ལོ་བྲིས་ན་ལོ་རྗེས་མ་ལ་ཕྱི་ལོ་འབྲི་དགོས་པ་དང་ནོར་ཉེན་ཆེ་ཚུལ་བརྗོད་མཁན་ཡོད་པར་རྒྱུ་མཚན་གཏན་ནས་མེད་པ་ཞིག་མིན་ཡང་། བོད་པ་ཞིག་གིས་ངོས་ནས་སྤྱི་ལོ་ཞེས་བྲིས་ན་ཚིག་གི་ངོ་གདོང་གི་ཐོག་ནས་ཡེ་ཤུའི་སྟོན་པ་དེ་སྤྱི་ཡོངས་ཀྱི་སྟོན་པ་ཡིན་པར་དོན་གྱིས་ཁས་ལེན་བྱས་པ་ཞིག་ཏུ་གྱུར་ཡོད་པས། ཕྱི་ལོ་བྲིས་ན་སྔ་ལོ་དང་ཕྱི་ལོ་ཞེས་པའི་ཚིག་ལ་ནོར་དོགས་ཡོད་ཚུལ་དང་བསྡུར་ན་དེ་ལས་ནོར་ཚབས་ཆེ་བར་སྣང་ཞིང་། མ་འོངས་པར་བུ་རབས་ཚ་བརྒྱུད་ལ་བསམ་བློ་བཏང་ན་དེ་བས་ཀྱང་ཉེན་ཁ་ཆེ།

མདོར་ན་ཐ་སྙད་ཙམ་གལ་ཆེན་པོར་བརྩི་མི་འོས་པར་མཐོང་མཁན་མང་ཡང་། རྒྱ་གར་རྒྱལ་ཁབ་ཀྱི་མིང་ལ་དབྱིན་ཡིག་ནང་ཨིན་ཌི་ཡ་ཞེས་པ་མུ་མཐུད་བེད་སྤྱོད་མི་བྱེད་པར། བྷ་ར་ཊི་ཞེས་པ་བེད་སྤྱོད་བྱེད་དགོས་པའི་འགྱུར་བ་བཏང་བ་དང་། རྒྱ་གར་གྱི་ས་ཆ་ལ་དབྱིན་ཇིའི་དབང་བསྒྱུར་སྐབས་བཏགས་པའི་མིང་ཕལ་ཆེ་བར་ད་ཆ་འགྱུར་བ་གཏོང་བཞིན་ཡོད། བོད་ཀྱི་མིང་ལ་དབྱིན་ཡིག་ནང་ཊི་བྷེ་ཊི་ཞེས་པར་རྒྱ་གཞུང་གིས་ཉེ་ཆར་འགྱུར་བ་བཏང་ནས་ཞིས་ཙང་ཞེས་འབོད་དགོས་ཚུལ་གཏན་འབེབས་བྱས་པ་ལྟ་བུ་ལ་མཚོན་ནའང་། ཐ་སྙད་ལ་བརྟེན་ནས་གོ་བ་ལེན་སྟངས་ལ་ཁྱད་པར་ཆེན་པོ་ཡོད་པས། ད་ལན་ཕྱི་ལོ་གསར་ཚེས་ཀྱི་དུས་ཚོད་དང་བསྟུན་ནས་གསར་འགྱུར་ཀློག་མཁན་རྣམས་ལ་བགྲོ་གླེང་གི་ས་བོན་ཙམ་དུ་ཕུལ་བ་ཞིག་ལས། སྤྱིར་རིག་གནས་ཀྱི་ཤུགས་རྐྱེན་དང་། དམིགས་བསལ་ཆོས་ལུགས་ཀྱི་ཤུགས་རྐྱེན། དཔལ་འབྱོར་གྱི་ཤུགས་རྐྱེན་བཅས་འགོག་བསམ་པ་ཙམ་གྱིས་འགོག་ཐུབ་པ་ཞིག་དང་། སྤེལ་བསམ་པ་ཙམ་གྱིས་སྤེལ་ཐུབ་པ་ཞིག་དེ་བས་ཀྱང་མིན་ནོ།།