སྤྱོད་འཇུག་ཆེན་མོའི་བཀའ་ཁྲིད་དཔེ་དེབ།

བོད་ཀྱི་དཔེ་མཛོད་ཁང་ནས་ནང་ཆོས་ཀྱི་དེབ་ཕྲེང་༣༧ པའི་ངོ་བོར་པར་སྐྲུན་བྱས་པའི་དཔེ་དེབ་འདི་ནི། དུས་རབས་ཉི་ཤུ་པའི་རྒྱལ་སྲས་ཞི་བ་ལྷ་ཞེས་མཚན་བསྟོད་གནང་བ། ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་མཆོག་གི་སྤྱོད་འཇུག་འཆད་ཐབས་ཀྱི་མན་ངག་གིས་བརྒྱན་པའི་སྤྱོད་འཇུག་ཆེན་མོའི་བཀའ་ཁྲིད་ཟིན་བྲིས་འདི་ནི། སྤྱིར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱོད་འཇུག་བཀའ་ཁྲིད་ཐེངས་ཉི་ཤུ་རྩ་གྲངས་ཤིག་གནང་བའི་ནང་ནས། ཕྱི་ལོ་༡༩༧༡ ལོར་སུད་སིར་སྤྱོད་འཇུག་བཀའ་ཁྲིད་གནང་བ་དེ་གཞིར་བཟུང་། ཕྱི་ལོ་༡༩༧༨ ལོར་གནས་མཆོག་རྡོ་རྗེ་གདན་དུ་བསྩལ་བའི་སྤྱོད་འཇུག་བཀའ་ཁྲིད་དང་། ཕྱི་ལོ་༡༩༩༡ ལོར་ཧྥ་རན་སི་དང་། ཕྱི་ལོ་༡༩༩༥ ལོར་ འཕགས་ཡུལ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བསྩལ་བའི་སྤྱོད་འཇུག་བཀའ་ཁྲིད་ཕབ་བཤུས་ཟིན་བྲིས་ཁག་ནས་ཞལ་སྐོང་ཞུ་དགོས་རྣམས་དཔྱད་ཞིབ་ཀྱིས་སྣོན་འཕྲི་ལྷུ་བསྒྲིགས་གང་གཟབ་ཚགས་ནན་དོ་ཁུར་ཆེར་བསྐྱེད་ཀྱིས་ཞུ་སྒྲིག་ཞུས་པ་ཞིག་སྟེ། དེའང་གཞུང་འདིའི་དབུ་ནས་མཇུག་བར་གྱི་འགྲེལ་བཤད་གནང་བ་ཁག་རྒྱས་བསྡུས་སྙོམ་ཞིང་། ཁྲིད་ཐབས་དེའང་ྋགོང་ས་མཆོག་རང་ཉིད་ཀྱི་མྱོང་བ་དྲོན་མོ་དག་དང་སྦྱར་ཏེ་དཔེ་འཇོག་གི་སྒོ་ནས་ཞལ་གསལ་ཞིང་གོ་བདེ་བར་གསལ་འགྲེལ་གནང་ཡོད་པ་རེད། །