སྤྲང་བྲོ་སྐམ་པོ་དང་འགྲོ་ཁའི་ཐལ་འཚུབ། ཉལ་ཐ་སོགས་ཡིན་མིན་ཅུང་ཟད་བགྲོ་བ། 

                ནགས་ཤོད་ཅོང་བརྡ། 

            གླེང་སློང་བ།༽

  ཉེ་བའི་ལོ་འདི་དག་གི་རིང་ལ་བོད་ཕྱི་ནང་གཉིས་ཀར་གཞས་ཞབས་བྲོ་དར་སྲོལ་ཆེ་རུ་ཕྱིན་པ་དངོས་ཡོད་རེད། སྣང་ཚུལ་དེར་ལ་ལའི་ཐུགས་སུ་མ་བབས་པ་འདྲ།  མ་བརྟགས་མ་དཔྱད་པའི་འཆལ་གཏམ་བཤད་མཁན་རེ་འགའ་ཡོད་པར་སྣང་བ་དང་། དེ་རིང་ཁ་རྩང་གཞས་ཞབས་བྲོའི་སྐོར་ལ་ཚ་ཚ་འུར་འུར་གྱིས་གླེང་བཞིན་པ་སོགས་ལ་གཞིགས་ཏེ་སྐད་ཆ་ཉུང་ཉུང་ནང་གི་ཉུང་ཉུང་ཞིག་བཤད་པར་སྤྲོའོ།།   

          ༼དང་པོ་བོད་ནང་ལ།༽

     གཞས་ཞབས་བྲོ་འཁྲབ་ཚད་དགའ་དགའ་སྐྱིད་སྐྱིད་ཡིན་རྒྱུ་རེད་བསམ་ན་དེ་དོན་དངོས་དང་ཅུང་ཟད་མི་མཐུན་པ་འདྲ།  “སྐྱིད་ན་ཇ་ཆང་མཚར་གླུ་དང་སྡུག་ན་རང་སེམས་གསོ་གླུ་”ཟེར་བ་ཞིག་ཡོད་དར་བ་མ་ཡིན་ནམ།  དེ་ཟེར་དུས་ངས་ཁོ་ཚོ་སྡུག་བྲོ་འཁྲབ་བཞིན་འདུག་ཟེར་བ་མིན་ཡང་མིག་ཆུ་ནི་དགའ་དུས་དང་སྡུག་དུས་གཉིས་ཀར་ཐོན་ཡོང་བ་བཞིན་གཞས་ཞབས་བྲོ་ཡང་དེ་བཞིན་མིན་ས་མི་འགྲོ། གཞན་ཡང་གནའ་མི་བོད་ཀྱི་གཏམ་དཔེ་ལ་”བོད་མི་རིགས་ནི་སྐད་ཆ་བཤད་ཤེས་པ་དང་གླུ་ལེན་ཤེས་པ། གོམ་པ་སྤོ་ཤེས་པ་དང་བྲོ་འཁྲབ་ཤེས་པ་ཞིག་ཡིན་”ཟེར་བ་མ་ཡིན་ནམ།  དེས་ནི་བོད་མི་རིགས་ནི་གླུ་གར་གྱི་རྒྱ་མཚོ་ལྟ་བུ་ཞིག་ཡིན་པ་མ་ཟད། གླུ་དང་གར་འཁྲབ་རྒྱུར་ཤིན་ཏུ་སྤྲོ་བ་གསལ་བཤད་བྱས་པ་ལོས་ཡིན། 

   འདི་ལྟར་རིམ་པའི་བསམ་བློ་གཏོང་ན་གཞས་ཞབས་བྲོ་ནི་བོད་མི་རིགས་ཀྱི་ཐུན་མིན་ཁྱད་ཆོས་མངའ་བའི་རིག་གནས་ཤིག་ཡིན་པ་དང་། རིག་གནས་དེ་ཉིད་ཤ་དང་རུས་པའི་གསེང་དུ་རྒྱུ་བཞིན་པའི་ཁྲག་དྲོན་ལྟར་བོད་མི་རིགས་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་པ་ལོས་ཤེས། རིག་གནས་ཤིག་འཛིན་སྐྱོང་བྱ་དགོས་ཚེ་གསེར་སྒམ་དངུལ་སྒམ་གྱི་ནང་དུ་ཉར་ཚགས་བྱ་རྒྱུ་མ་ཡིན་པར་སྦྱོང་སྤྱོད་སྤེལ་གསུམ་བྱ་དགོས་པ་དེང་སང་གི་བྱིས་པས་ཀྱང་ཤེས་ངེས། རིག་གནས་འདི་སྦྱོང་སྤྱོད་སྤེལ་གསུམ་བྱེད་སྐབས་ཆབ་སྲིད་ཀྱི་བརྡ་ལན་ལོག་པ་དེ་འདྲ་ཐེབས་དོགས་ཀྱི་སེམས་ཁྲལ་ཡོད་པ་ནི་གཡག་ཞར་བས་རྩྭ་ཟ་བ་བཞིན་ཕྱོགས་གཅིག་ཁོ་ན་མ་གཏོགས་མ་མཐོང་བའི་སྐྱོན་དུ་སོང་ཞིང་།   

   དེ་ཡང་འདི་ལྟར་ཡིན་ཏེ།  དགྲ་བོ་དམར་གཞུང་གིས་བོད་མི་རིགས་ཀྱི་ཐུན་མིན་རིག་གནས་མེད་པ་བཟོ་ཐབས་སུ་ཐབས་ཤེས་ཡོད་དགུ་བྱེད་བཞིན་པ་སྟེ།  མི་རིགས་ཀྱི་ངོ་བོ་གཞན་དུ་སྒྱུར་ཐབས་སུ་སྐད་ཡིག་རྩ་མེད་བཟོ་བ། ཡུལ་སྲོལ་གོམས་གཤིས་རྩ་མེད་བཟོ་བ། རྒྱ་མི་རིགས་དང་གཉེན་སྒྲིག་བྱ་རུ་བཅུག་པ་སོགས་བཤད་ནས་ཚར་རྒྱུ་ག་ལ་ཡོད།  དུས་ཚོད་དེ་འདྲ་ཞིག་གི་སྐབས་སུ་གཞིས་ལུས་སྤུན་ཟླ་ཚོས་རང་ཉིད་ཀྱི་རིག་གཞུང་སྲུང་ཆེད་དུ། རེས་གཟའ་ལྷག་པ་ནམ་ཡིན་ལ་བོད་སྐད་བཤད་པ། བོད་ཆས་གྱོན་པ། བོད་ཟས་བཟའ་བ་སོགས་ཀྱི་ལས་འགུལ་འདི་སྤེལ་བ་རེད།  ལས་འགུལ་འདི་སོ་སོའི་ཁྱིམ་གྱི་ནང་དུ་སྤེལ་ནས་ཡུན་རིང་སོང་བ་དང་།  དེའི་བར་ཞིག་ནས་གཞིས་ལུས་སྤུན་ཟླ་མང་པོས་དགྲ་བོ་དམར་གཞུང་གི་འོག་ཏུ་བཟོད་དཀའ་བའི་སྡུག་བསྔལ་མྱོང་བཞིན་ཡོད་པ་འཛམ་བུ་གླིང་ལ་བསྒྲགས་ཆེད་དུ། རང་ལུས་མེར་སྲེག་གི་ལས་འགུལ་མཚམས་མ་ཆད་པ་སྤེལ་བ་དེ་རེད།  དགྲ་བོ་དམར་གཞུང་གིས་ཀྱང་ལས་འགུལ་དེ་ཉིད་མི་རེ་འགའི་དོན་དག་ཡིན་པ་ལས་བོད་མི་དམངས་བྱིངས་ནི་དགའ་བདེའི་དཔལ་ལ་རོལ་བཞིན་ཡོད་པའི་རྣམ་པ་མཚོན་ཆེད་དུ། གཞས་ཞབས་བྲོ་འཁྲབ་དགོས་པའི་བཙན་དཀའ་བཏང་བ་ནི་འཆར་གཞི་ལྡན་པའི་ཆབ་སྲིད་འཁྲབ་སྟངས་ཤིག་ལོས་ཡིན། 

   རེད་དེ།  གཞིས་ལུས་སྤུན་ཟླ་ཚོས་གོ་སྐབས་དམ་འཛིན་དང་གཟབ་གྲུང་ལྡན་པའི་ངང་ནས་ཆབ་སྲིད་ལ་ཆབ་སྲིད་ཀྱི་ཡ་ལན་གནད་ལ་ཁེལ་བ་ཞིག་སྤྲད་ཡོད་དེ།   སོ་སོའི་ཁྱིམ་གྱི་ནང་དུ་ལྷག་དཀར་སྲུང་བརྩི་བྱེད་བཞིན་པ་དེ་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་བཏང་སྟེ། སྤྱི་གླིང་དང་ལམ་ཆེན་ལམ་ཆུང་གི་གཡས་གཡོན། མི་དམངས་འདུས་སྡོད་བྱེད་ས་སོགས་ལ་བོད་གཞས་འཁྲབ་པ། བོད་ཆས་གྱོན་པ། བོད་སྐད་བཤད་པ། བོད་གླུ་ལེན་པ་སོགས་རང་མི་རིགས་ཀྱི་ངོ་བོ་སྲུང་ཐབས་སུ་ཉིན་གྱི་མི་དང་མཚན་གྱི་ཁྱི་བྱེད་བཞིན་ཡོད་པ་འདི་རེད།   

འདིས་སྐད་ཡིག་གི་ཚེ་ཐག་རིང་དུ་གཏོང་བ་དང་། མི་རིགས་བསྲེས་ལྷད་ཀྱི་གཡོ་ཇུས་དལ་དུ་གཏོང་བ།  མི་རབས་གསར་པ་རྣམས་ལ་རང་མི་རིགས་ཀྱི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་བརྒྱུད་སྤྲོད་བྱེད་པ།  དགྲ་བོ་དམར་གཞུང་གིས་རྒྱུན་དུ་དྲིལ་བསྒྲགས་ལོག་པ་བྱེད་བཞིན་པ་སྟེ། བོད་མི་རིགས་ནི་དཔལ་ཡོན་མ་དར་བའི་གདོད་མའི་མི་རིགས་ག་གེ་མོ་དང་གཅིག་པ་རེད་ཅེས་བཤད་བཞིན་པ་ལ་དངོས་ཡོད་བདེན་དཔང་གིས་ཡ་ལན་ཚ་ཐག་ཆོད་ཅིག་སྤྲོད་བཞིན་པ་སྟེ།  བོད་མི་རིགས་ནི་གླུ་གར་གྱི་རྒྱ་མཚོ་ཡིན་པ།  སྒྱུ་རྩལ་ལས་རིགས་ལ་བྱང་བ། སྐད་དང་ཡི་གེ་ཡོད་པ། ཡུལ་སྲོལ་གོམས་གཤིས་བཟང་བ།  ཆེ་བསྐུར་ཆུང་བྱམས་ལྡན་པ།  རྒྱན་གོས་ཕུན་སུམ་ཚོགས་པ།  བཟོ་རིག་ལག་རྩལ་མཁས་པ་སོགས་འཛམ་བུ་གླིང་གི་མི་རིགས་དཀར་ནག་སེར་གསུམ་ལ་མིག་མཐོང་ལག་ཟིན་གྱི་གོ་བརྡ་གསལ་ཐག་ཆོད་པ་ཞིག་སྤྲད་པ་མ་ཡིན་ནམ། 

   མདོར་ན་གཞིས་བཞུགས་སྤུན་ཟླ་ཚོས་འཁྲབ་བཞིན་པ་འདི་བོད་མི་རིགས་ཀྱི་ཚེ་སྲོག་སྲ་མོ་རྡོ་དང་། བརྟན་པོ་བྲག་འདྲ་བ་ཞིག་ཡོང་ཆེད་དུ་ཡིན་པ་ལས། འགྲོ་ཁའི་ཐལ་འཚུབ་དང་སྤྲང་བྲོ་སྐམ་པོ་མ་ཡིན་ལ། ཁོང་ཚོ་ཁོག་དཔུང་ལ་རྒྱས་བྱང་ཁོག་ཁེབས་ནས་བསྡད་ཡོད་པ་ལས་ཉལ་ཐས་བཟི་ནས་ཉལ་འདུག་མཁན་ཐབས་རྡུགས་ནུས་མེད་དེ་འདྲ་ག་ལ་ཡིན། 

༼གཉིས་པ་བཙན་བྱོལ་དུ།༽

བོད་མི་རིགས་ཀྱི་ལས་དབང་ནི་རླུང་ཁའི་མར་མེ་ལྟ་བུ་ཡིན་པའི་དུས་ཚོད་ཐབས་རྡུགས་འདི་འདྲ་ཞིག་གི་སྐབས་སུ། བོད་ནང་ནས་ཚུར་དར་ཡོང་བའི་གཞས་ཞབས་བྲོ་འདི་ནི། གཞིས་ལུས་སྤུན་ཟླ་ལ་མིག་དཔེ་བལྟས་ནས་བཙན་བྱོལ་དུ་ཡོད་པའི་ན་གཞོན་ཚོས་སྦྱང་སྤྱོད་སྤེལ་གསུམ་བྱེད་བཞིན་པ་འདི་རེད།  འདིའི་དགེ་མཚན་ནི་གོང་དུ་བཤད་ཟིན་པ་བཞིན་བོད་ནང་དུ་གཞས་ཞབས་བྲོ་འཁྲབ་བཞིན་པ་དེ་དང་དགེ་མཚན་གཅིག་པ་ཡིན་པ་མ་ཟད། ད་དུང་དགེ་མཚན་གཞན་པ་ཞིག་ཡོད་དེ།       ང་ཚོ་བཙན་བྱོལ་དུ་ཡོད་པའི་མི་རབས་རྒན་པ་དང་གནད་ཡོད་འབྱོར་ལྡན་མི་དྲག་འདི་ཚོས་མ་འོངས་བོད་ཀྱི་ལས་དབང་ལ་མི་བསམ་པ། སོ་སོའི་ཕོར་པའི་ནང་དུ་ཟག་ཡོང་བའི་ཤ་རྡོག་གི་ཆེ་ཆུང་རྩོད་ནས་བསྡད་ཡོད་པ་དང་།   

དེའི་འབྲས་བུར་མི་རེའི་བྱང་ཁོག་གི་ནང་དུ་ལུང་ཚན་གྱི་ཞེན་ཁོག་རྡོག་རྡོག་རེ་རེ་འཛུལ་ཟིན་པས། བཙན་བྱོལ་བ་སྦར་ཆུང་གང་པོ་འདི་རྭ་གོག་སྒྲོ་བའི་ནང་དུ་བཅུག་པ་ལྟར་དགོས་མེད་ཀྱི་ཧྲག་སྒྲ་ཧྲོག་སྒྲ་ཧ་ཅང་ཆེ།  

    དེའི་མཇུག་འབྲས་སུ་དེང་སྐབས་གོང་གི་སྲིད་སྐྱོང་དང་བཀའ་བློན་རྣམ་པ་ཕེབས་ཡོང་ནའང་ཆོལ་ཁ་གསུམ་ཀའི་སྤུན་ཟླ་འཛོམས་མི་ཐུབ་ཅིང་། སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་སོགས་ཕེབས་ཡོང་ནའང་ཆོལ་ཁ་གསུམ་ཀའི་སྤུན་ཟླ་འཛོམས་མི་ཐུབ་བའི་སྐབས་སུ།  གཞས་དང་ཞབས་བྲོ་ཁོ་ནས་ཆོལ་ཁ་གསུམ་ཀའི་སྤུན་ཟླ་འཛོམས་ཐུབ་པ་འདི་ནི་གཞིས་ལུས་སྤུན་ཟླ་ཚོས་ང་ཚོར་གནང་བའི་ལེགས་སྐྱེས་ཡིན་ལ་རེ་བའང་ཡིན་ངེས།   ང་ཚོས་ཁོང་ཚོ་ལ་བཀྲ་ཤིས་པའི་སྐད་ཆ་དང་། སེམས་གསོ་ཐུབ་པའི་ལེགས་སྐྱེས་རྐང་གཅིག་སྤྲད་རྒྱུ་མ་བྱུང་བ་ནི་ངོ་གནོང་དགོས་པ་ཞིག་ཡིན་པ་མ་ཟད། ལེགས་སྐྱེས་འདི་སྤྲང་བྲོ་སྐམ་པོ་དང་འགྲོ་ཁའི་ཐལ་འཚུབ། འཆི་ལམ་དུ་འདེད་བྱེད་ཀྱི་ཉལ་ཐ་རེད་ཟེར་བ་ནི་འགན་ཁུར་མེད་པའི་སྐད་ཆ་འབའ་ཞིག་ཡིན་ནོ།།   

  ད་དུང་”ཡི་གེ་འདི་བོད་ནང་སྐུར་སའི་བརྒྱུད་ལམ་བདེ་བོ་ཡོད་མཁན་ཡོད་ན་ཕར་སྐུར་རོགས་གནང་།”ཟེར་བ་སོགས་ནི་ཉལ་ཐས་བཟི་བའི་སྐད་ཆ་འདྲ་ཡིན་ན་མ་གཏོགས་དགོད་རྒྱུ་དང་ངུ་རྒྱུ་གཉིས་ཀ་ཡོང་བའི་བླུན་བཤད་མིན་ན་ཅི། 

༢༠༢༣/༨/༢ རེས་གཟའ་ལྷག་པ་དཀར་ཕྱོགས་དགེ་བའི་ཉིན་ལ་གནས་མཆོག་རི་བོ་སྔོན་པོ་ནས་སྤྲིངས་སོ།