སྤྲུལ་རྫུན་དང་མི་རིགས་ཀྱི་གནད་དོན།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༧༤ ཕྱི་ལོ་ ༢༠༡༥/༡༢/༢༣
ཉེ་བའི་ཆར་རྒྱ་ནག་གི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཞིག་སྤྲུལ་སྐུ་རྫུན་བཟོ་བྱས་པའི་གནས་ཚུལ་ཞིག་དང་འབྲེལ་ནས་རྒྱ་ནག་གཞུང་འབྲེལ་དང། རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཁག་ལ་ཧ་ཅང་གི་གླེང་སློང་ཤུགས་ཆེ་བྱུང་སོང། རྩ་བས་ད་ལྟའི་དུས་འདིར་སུ་སྤྲུལ་སྐུ་རྫུན་མ་ཡིན་མིན་དང། གང་སྤྲུལ་སྐུ་དག་མ་ཡིན་མིན་བཤད་དགོས་ན་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་ཞིག་མ་གཏོགས་མི་དཀྱུས་མ་ཞིག་གིས་བཤད་ཚོད་ཐིག་དཀའ་བ་དངོས་ཡོད་གནས་ཚུལ་ཡིན་ལ། ཕྱོགས་གཅིག་ནས་སྤྲུལ་སྐུ་དག་མར་འབོད་པ་དག་ཀྱང་དོན་གྱིས་རྫུན་མ་ཡིན་པའི་ཐེ་ཚོམ་ཡང་མི་སྐྱེ་ཀ་མེད་དུ་གྱུར་ཡོད། སྤྲུལ་སྐུ་རྩད་འཚོལ་བྱེད་མཁན་དང། ངོས་འཛིན་གནང་མཁན་ཕལ་ཆེ་བས་ཆབ་སྲིད་ཀྱི་དགོས་མཁོ་དང། དཔལ་འབྱོར་གྱི་དགོས་མཁོ། ཐོབ་དང་གོ་སའི་དགོས་མཁོ་སོགས་རྒྱབ་ལྗོངས་ནག་པོ་འབའ་ཞིག་ལ་བརྟེན་ནས་ངོས་འཛིན་བྱེད་བཞིན་ཡོད་ལ། ལྷག་བསམ་རྣམ་དག་གི་ཐོག་ནས་ཡང་སྲིད་ངོ་མ་ཞིག་རག་པའི་ཐབས་ཤེས་བྱེད་མཁན་ཡང་གནའ་ནས་ད་བར་མི་ཉུང་བ་ཞིག་ཡོང་གི་ཡོད།
ཡང་སྲིད་རྩད་འཚོལ་བྱེད་པའི་ཐབས་ལམ་གྱི་ཐོག་ནས་གནའ་ནས་ད་བར་རྩོད་རྙོག་མང་པོ་བྱུང་ཡོད་པ་མ་ཟད། བོད་ཀྱི་བླ་སྤྲུལ་ཆེ་ཤོས་རྒྱལ་པཎ་རྣམ་གཉིས་ཀྱང་གསེར་བུམ་དཀྲུག་འདོན་ལ་བརྟེན་ནས་ངོས་འཛིན་བྱེད་དགོས་བྱུང་ཡོད། བླ་མ་གཅིག་ལ་སྤྲུལ་སྐུ་གཉིས་རེ་ངོས་འཛིན་བྱས་ནས་རྩོད་རྙོག་མང་པོ་འཕྲད་མྱོང་བ་འདི་ཡང་ད་ལྟའི་དུས་རབས་འདི་གཅིག་པུ་ག་ལ་ཡིན། དེར་བརྟེན་དེང་སྐབས་རྒྱ་ནག་ཏུ་སྤྲུལ་སྐུ་འདྲ་མིན་མང་པོ་ངོས་འཛིན་བྱེད་པའི་སྲོལ་དར་ཡོང་གི་ཡོད་ལ། ནུབ་ཕྱོགས་སུའང་དེའི་ཤུགས་རྐྱེན་ཕྲན་བུ་རེ་སླེབས་རྒྱུའི་འགོ་བཙུགས་ཡོད། བོད་པའི་སྤྲུལ་སྐུའི་ལམ་ལུགས་དེ་ཉིད་ད་ལྟའི་ཆར་ཡོངས་སུ་འཆོལ་ཉོག་ཅན་དུ་གྱུར་ཟིན་པའང། མཐོ་དམན་རབ་འབྲིང་ཚང་མའི་ཁ་ན་གསལ་པོ་ཡིན་ཡང། རང་ཉིད་དང་འབྲེལ་ཡོད་ཅིག་ཡིན་ན་ཡང་སྲིད་རྩད་འཚོལ་བྱེད་པའི་ཐབས་ཤེས་ལུ་གུ་རྒྱུད་དུ་སྤེལ་མཁན་འབའ་ཞིག་ལས། ཡང་སྲིད་རྩད་གཅོད་མི་བྱེད་མཁན་ཧ་ཅང་གི་ཉུང་ཉུང་ཡིན། དེར་བརྟེན་ནོར་འཁྲུལ་ཡོད་པ་ཤེས་བཞིན་བྱས་པའི་གནས་སྟངས་འདི་ལ་བཅོས་སྒྱུར་གཏོང་རྒྱུ་ཧ་ཅང་ཁག་པོ་ཆགས་ཟིན།
རྒྱ་དམར་སྲིད་གཞུང་གིས་ཡང་སྲིད་དོ་དམ་བྱེད་པའི་ཁྲིམས་ལུགས་ཤིག་གཏན་འབེབས་བྱས་ཡོད་ཚུལ་བསྒྲགས་ཡོད་ནའང། དེ་ནི་བོད་མི་རིགས་ལ་སྟངས་འཛིན་བྱེད་ཐབས་ཁོ་ན་ལས། རྒྱ་མི་རིགས་ལ་ཁྱབ་མེད་པ་དེའང་ཉེ་ཆར་གྱི་གནས་ཚུལ་ལ་བལྟས་ན་ཤེས་ཐུབ་པ་ཞིག་རེད། རྒྱ་དམར་གཞུང་གི་མི་རིགས་གནད་དོན་སྐོར་གྱི་དཔོན་རིགས་ཀྲུའུ་ཝེ་ཆོན་གྱིས་སྤྲུལ་སྐུ་རྫུན་མ་དང་འབྲེལ་བའི་སྐོར་རྒྱ་དམར་དབུས་གཞུང་གི་བརྙན་འཕྲིན་དུ་གཏམ་བཤད་བྱེད་སྐབས། སྤྲུལ་རྫུན་གྱི་སྐོར་ལ་གང་ཡང་མ་བཤད་པར་ཐད་ཀར་བོད་པའི་བླ་སྤྲུལ་དག་གི་སྐོར་ལ་ཁ་རྡུང་བཏང་ཡོད་པ་མ་ཟད། དེ་ཡང་དུས་རྒྱུན་ཁོ་པའི་ཁ་ནས་ཐོན་བཞིན་པའི་ཁ་བྲལ་རིང་ལུགས་དང་འབྲེལ་བའི་གནད་དོན་དུ་ཁ་བསྒྱུར་ནས་བཤད་པ་ལས། དོན་དག་ངོ་མའི་ཐོག་བགྲོ་གླེང་མ་བྱས་པར་བོད་རིག་པའི་མཁས་པ་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་བློ་སྤོབས་ཆེན་པོའི་ཐོག་ནས་ཁོ་པར་སྐྱོན་བརྗོད་དྲག་པོ་གནང་འདུག རྒྱ་གཞུང་གིས་དུས་རྒྱུན་གནད་དོན་འདི་ལྟ་བུ་བྱེད་རྐྱང་ལས་གནད་དོན་དངོས་ལ་རྟོག་ཞིབ་བྱེད་མི་སྲིད་པ་ལྟ་བུར་གྱུར་ཡོད།
དོན་དངོས་ཐོག་བླ་མ་རྫུན་མ་ཝུ་ཏཱ་རཱོང་དང། ཁོ་པས་རྫུན་བཟོ་བྱས་པའི་སྤྲུལ་རྫུན་ཀྲང་ཐའེ་ལི་གཉིས་ལ་ཀྲུའུ་ཝེ་ཆོན་སྔོན་ནས་ཐུག་འཕྲད་དང་འབྲེལ་འདྲིས་ཆེན་པོ་ཡོད་འདུག་པས། ད་ལན་ཝུ་ཏཱ་རཱོང་དང། ཀྲང་ཐའེ་ལི་གཉིས་ཀྱི་འཁྲབ་སྟོན་དེ་ཡང་ཆེད་དུ་བོད་བརྒྱུད་ནང་བསྟན་དང་བོད་མི་རིགས་ལ་དམའ་འབེབས་བྱེད་ཆེད་ཀྲུའུ་ཝེ་ཆོན་དང། ཡེ་ཞའོ་ཝན་སོགས་ཀྱི་གསང་བའི་ཐབས་བྱུས་ཤིག་ཀྱང་ཡིན་སྲིད་པ་རེད། གལ་སྲིད་དེ་ལྟར་མིན་པའི་དབང་དུ་བཏང་ན་ད་ལན་བརྙན་འཕྲིན་དུ་གཏམ་བཤད་སྐབས་སྤྲུལ་སྐུ་རྫུན་བཟོ་བྱེད་མཁན་རྒྱ་རིགས་ཝུ་ཏཱ་རཱོང་དང། སྤྲུལ་སྐུ་རྫུན་མ་རྒྱ་རིགས་ཀྲང་ཐའེ་ལི་གཉིས་ལ་ཁ་རྡུང་གཏོང་དགོས་ངེས་ཀྱང། དེའི་སྐོར་ཚིག་གཅིག་མ་བཤད་པར་ཐད་ཀར་བོད་པ་དང། བོད་བརྒྱུད་ནང་བསྟན་གྱི་སྐོར་ལ་མདུང་རྩེ་གཏད་པ་འདི་ཁོ་ནའི་ཐོག་ནས། ཁོང་གཉིས་ཀྱི་རྒྱབ་ཏུ་རྒྱ་དམར་གཞུང་གི་བྱུས་ངན་ཞིག་ཡོད་པ་ཕལ་ཆེར་ཐག་བཅད་ནས་བཤད་ཆོག་པ་ཞིག་རེད། མདོར་ན་སྤྲུལ་སྐུ་རྫུན་མ་དང་འབྲེལ་བའི་གནད་དོན་འདི་ཡང་མཐར་གཏུགས་ན་མི་རིགས་ཀྱི་གནད་དོན་ཁོ་ནར་གྱུར་འདུག
ད་ལན་གནད་དོན་འདིའི་ཐད་རྒྱ་ནག་ཏུ་བཞུགས་པའི་བོད་རིག་པའི་མཁས་པ་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་ཉེན་ཁ་ལ་མ་འཛེམས་པར་ཐད་ཀར་ཐེར་འདོན་དང་སྐྱོན་བརྗོད་གནང་བ་ནི། ཆབ་སྲིད་དང་འབྲེལ་བའི་ཐོག་ནས་ཧ་ཅང་གལ་གནད་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་དང། བོད་མིའི་སྒྲིག་འཛུགས་ཀྱི་ཐོག་ནས་ཀྱང་གནད་དོན་འདི་ལ་རྣམ་འགྱུར་ཙམ་སྟོན་དགོས་ངེས་ཀྱང་ད་ལྟ་གོ་ཐོས་མ་བྱུང་ལ། བོད་པའི་བརྒྱུད་ལམ་ཁག་གིས་ཀྱང་གནད་དོན་འདིའི་ཐད་མདུང་རྩེ་ནང་ལ་སྐོར་ཐབས་འབའ་ཞིག་ལས་རྒྱ་དམར་གཞུང་གི་བྱེད་སྟངས་ཐོག་ལ་དོ་སྣང་གང་ཡང་མ་བྱས་པ་ནི། བོད་པའི་གཏམ་དཔེར་“གཉོམ་ཆུང་ཁོང་ཁྲོ་ནང་ལ་ཟ། རིགས་ངན་ཁ་སྤུ་ནང་ལ་སྐྱེས་”ཞེས་པ་བཞིན་བོད་པའི་འཐབ་རྩོད་ཀྱི་ཁ་ཕྱོགས་ཀྱང་ནང་ཁུལ་དུ་ཁ་སྐོར་བ་ལས། ཕྱིའི་དགྲ་བོ་ལ་ཁ་གཏད་གཅོག་པའི་སྤོབས་པ་ནི་ཡོངས་སུ་ཞུམ་ཟིན་པར་བརྟེན། བོད་པའི་ཆོས་དང་རིག་གནས་ཀྱང་རྒྱ་དམར་གཞུང་གིས་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་འདི་དང་སྦྱར་ནས་རྩ་མེད་དུ་གཏོང་ངེས་རེད།།