སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་རྗེས་དྲན་གཟེངས་རྟགས།
“སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་ཀྱི་གཟེངས་རྟགས་ཐོབ་མཁན་ཆབ་སྲིད་བཙོན་པ་ཡེ་ཤེས་ཆོས་སྒྲོན་གྱིས། བོད་ཕྱི་ནང་གཉིས་ནས་འཚེ་མེད་ཞི་བའི་ལམ་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་གོང་འཕེལ་བྱེད་མཁན་གྱི་བོད་མི་སྟོང་ཕྲག་མང་པོ་ཡོད་པ་རྣམས་མཚོན་གྱི་རེད་”ཅེས་བོད་མི་མང་སྤྱི་འཐུས་དང་ཨེ་ཤེ་ཡའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རྡོ་རྗེ་ཚེ་བརྟན་གྱིས་གསུངས་སོང་།
ཟླ་འདིའི་ཚེས་༡༢ ཉིན་ནི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྒྱ་གཞུང་གི་བཙོན་ཁང་ནང་ལོ་༡༣ བཞུགས་རྗེས་སྐུ་གྲོངས་ནས་ལོ་གཅིག་འཁོར་གྱི་ཡོད་པས། དྷ་ས་མེག་གྷན་ནོར་བུ་གསོལ་མགྲོན་ཁང་དུ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་དང། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག རིན་པོ་ཆེར་རྗེས་དྲན་ཉིན་མོ་དང་འབྲེལ། ཉིན་དེ་ལོ་ལྟར་བོད་ཀྱི་དཔའ་བོ་དཔའ་མོའི་རྗེས་དྲན་ཉིན་མོ་སྲུང་བརྩི་བྱེད་རྒྱུ་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་སྙིང་སྟོབས་ཀྱི་གཟེངས་རྟགས་འབུལ་རྒྱུའི་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་སོང་།
མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་གཙོས་པའི་ཆབ་སྲིད་བཙོན་ཟུར་ཁག་ཅིག་དང་། སྤྱི་འཐུས་ཁག་ཅིག དྷ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན། དྷ་སའི་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་ཞབས་ཞུ་ཚོགས་པའི་ཚོགས་མི་སོགས་མཉམ་ཞུགས་བྱས་སོང་།
ལོ་འདིའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་དེ་རྒྱ་ནག་གི་བཙོན་ཁང་དུ་ཡོད་པའི་ཆབ་སྲིད་བཙོན་པ་ཡེ་ཤེས་ཆོས་སྒྲོན་ལ་སྐུ་མགྲོན་གཙོ་བོ་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་གནང་བ་དང། ཁོང་གིས་ཕྱི་ལོ་༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་ནང་མཉམ་ཞུགས་བྱས་པས། ཁོང་ལ་རྒྱ་གཞུང་གིས་ཏཱ་ལའི་རུ་ཚོགས་ལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་གནས་ཚུལ་མཁོ་སྤྲོད་བྱས་པའི་ཉེས་མིང་འོག ལོ་༡༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། ཁོང་ད་ལྟའི་ཆར་བཙོན་ལ་ཡོད་པས། གཟེངས་རྟགས་དེ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་གྱིས་ཁོང་གི་ཚབ་ཞུས་ཏེ་བཞེས་རྗེས། ཡེ་ཤེས་ཆོས་སྒྲོན་གྱི་མི་ཚེའི་ལོ་རྒྱུས་ཐོག་གཏམ་བཤད་གནང་སོང་།
རྡོ་རྗེ་ཚེ་བརྟན་གྱིས་ “འདི་ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་ཀྱི་གཟེངས་རྟགས་ཐོབ་མཁན་ཆབ་སྲིད་བཙོན་པ་ཡེ་ཤེས་ཆོས་སྒྲོན་གྱིས། བོད་ནང་དང་ཕྱི་ལོགས་སུ་འཚེ་མེད་ཞི་བའི་ལམ་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་གོང་འཕེལ་བྱེད་མཁན་གྱི་བོད་མི་སྟོང་ཕྲག་མང་པོ་ཡོད་པ་རྣམས་མཚོན་གྱི་རེད་”ཅེས་གསུངས་སོང་། དེ་བཞིན་ཁོང་གིས་ཉིན་མོ་དེ་སྲུང་བརྩི་དང་གཟེངས་རྟགས་ཕུལ་དགོས་དོན་གཙོ་བོ་ནི། ཆབ་སྲིད་བཙོན་པའི་ལས་འགུལ་ལ་མུ་མཐུད་ནས་རྒྱབ་སྐྱོར་ཤུགས་ཆེན་ཡོང་ཆེད་ཡིན་པ་དང་། ཉིན་མོ་དེ་ནི་རྒྱལ་སྤྱིའི་ཐོག་བོད་དོན་རྒྱབ་སྐྱོར་བའི་ཚོགས་པ་ཆེ་ཁག་མང་པོ་ཞིག་གིས་བོད་ཀྱི་དཔའ་བོ་དཔའ་མོར་ཆེ་མཐོང་དང་ཁོང་རྣམས་པའི་སྐོར་ཁྱབ་བསྒྲགས་ཡོང་ཆེད་དུ་ཐག་གཅོད་བྱས་པ་ཡིན་སྐོར་འགྲེལ་བརྗོད་བྱས་སོང་།
སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་གཞུང་འབྲེལ་གྱི་བོད་ཀྱི་དཔའ་བོ་དཔའ་མོའི་ཉིན་མོ་ནི་གསུམ་བཅུའི་དུས་དྲན་ཉིན་ལ་སྲུང་བརྩི་བྱེད་ཀྱི་ཡོད་པ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་བོད་ཀྱི་དཔའ་བོ་དཔའ་མོས་བོད་ཀྱི་རྩ་དོན་ཆེད་དུ་སྐུ་སྲོག་བློས་བཏང་བའམ་ཤོར་བའི་ཉིན་མོ་ལ་རྗེས་དྲན་ཉིན་མོ་སྲུང་བརྩི་བྱེད་ཀྱི་ཡོད་པ་འབྱུང་གི་ཡོད་པ། བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ལས་དོན་ལ་གུས་བརྩི་དང་ཆེ་མཐོང་བྱེད་ཀྱི་ཡོད་སྐོར་གསུང་བཤད་གནང་སོང་།
བོད་ནང་དུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོའི་ཆེའི་སློབ་མ་དང་བཙན་བྱོལ་ནང་དམ་པ་ཁོང་གི་མིང་ཐོག་གི་ཞབས་ཞུའི་ཚོགས་པའི་རྒྱུན་ལས་གྲྭ་བསྟན་འཛིན་དངོས་གྲུབ་ཀྱིས། དམ་པ་ཁོང་གི་མི་ཚེའི་ལོ་རྒྱུས་སྐོར་སྙིང་བསྡུས་ཤིག་གཏམ་བཤད་གནང་དོན། དམ་པ་ཁོང་གིས་ཕྱི་ལོ་༡༩༨༧ ལོ་ནས་ཁམས་ལི་ཐང་ལ་དོལ་རྒྱལ་བསྟེན་མི་རུང་སྐོར་བཀའ་སློབ་མང་པོ་གནང་ཡོད་པ་དང་། དགོན་པ་མང་པོ་བཞེངས་ཡོད་པ། བོད་ནས་སློབ་མ་མང་པོ་ཞིག་རྒྱ་གར་དུ་སློབ་གཉེར་བྱེད་དུ་བཏང་བ་སོགས་ཆོས་ཕྱོགས་ཀྱི་མཛད་པ། དེ་བཞིན་བོད་ནང་དུ་སློབ་གྲྭ་གསར་རྒྱག་གནང་བ་སོགས་ཤེས་ཡོན་གྱི་མཛད་པ། བོད་ནང་དུ་ཤིང་ནགས་གཅོད་འབྲེག་ཐོག་གོང་ལ་ཞུ་གཏུགས་བྱས་པ། རི་དྭགས་སྲུང་སྐྱོབ་སོགས་ཁོར་ཡུག་སྲུང་སྐྱོབ་ཐོག་ལ་མཛད་པ་གནང་ཡོད་སྐོར་གཏམ་བཤད་གནང་སོང་།
དེ་རྗེས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དང་འབྲེལ་བའི་དཔེ་དེབ་གཉིས་དང་འོད་སྡེར་ཞིག་དབུ་འབྱེད་གནང་བ་དང་། དེ་བཞིན་བཙན་བྱོལ་ནང་གི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ལ་བརྒྱ་ཆ་མཐོ་ཤོས་ལེན་མཁན་ལ་རྒྱལ་གཅེས་དཔའ་བོའི་རྗེས་དྲན་གྱི་སློབ་ཡོན་ཧིན་སྒོར་ཁྲི་གཅིག་དང་། དེ་བཞིན་རྗེས་དྲན་གྱི་ཐུགས་གསོ་ཞེས་པ་རྒན་གསོ་ཁང་དུ་ཡོད་པའི་རྒན་རྒོན་ལོ་ན་༡༠༠ སོན་པ་ཞིག་ལ་གནང་ཡོད་སྐོར་འགྲེལ་བརྗོད་བྱས་སོང་།
མཛད་སྒོ་དང་འབྲེལ་ནས་སྤྲུལ་སྐུ་བསྟན་འཛིན་རིན་པོའི་ཆེའི་སྐོར་གྱི་དཔར་རིས་འགྲེམས་སྟོན་ཞིག་གོ་སྒྲིག་བྱས་འདུག་ལ། དེ་བཞིན་ཁ་བརྡ་སྐད་འཕྲིན་ཚོགས་པ་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་རྗེས་དྲན་ཆེད་མཛད་རྣམ་སྙིང་བསྡུས་བཅུའི་ཞལ་ཐང་གསར་བཞེངས་ཡོད་པ་རེད་འདུག།།
གསར་འགོད་པ་སྐལ་བཟང་དོན་གྲུབ།