སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་བཀྲོངས་པ་ཞུ་གཏུག་མུ་མཐུད་བྱེད་རྒྱུ་ཡིན།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་ཚ་མོ་ཉི་མ་ལྷ་མོས་ཁོང་རྒྱ་གར་དུ་ཡོང་དགོས་དོན་དེ་དོན་ཚན་གཉིས་དང་འབོད་སྐུལ་གཅིག་ཞུ་ཆེད་ཡོང་བ་ཡིན་སྐོར་དང། སྤྲུལ་སྐུ་རྒྱ་ནག་གཞུང་གིས་བཙོན་ཁང་ནང་བཀྲོངས་པ་ཡིན་སྐོར། དེའི་སྐོར་ལ་རྒྱལ་སྤྱིའི་ཐོག་ནས་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་རོགས་ཞེས་འབོད་སྐུལ་བྱས་སོང་།

nyimalhamo1_20016_7_27དེ་ཡང་ཟླ་འདིའི་ཚེས་༢༨ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག བོད་ནས་གསར་དུ་སླེབས་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་ཚ་མོ་ཉི་མ་ལྷ་མོ་དང་ཁོང་གི་སྤུན་མཆེད་དགེ་བཤེས་བློ་བཟང་ཡོན་ཏན་གཉིས་ཀྱིས་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་སྤྲུལ་སྐུ་གྲོངས་རྐྱེན་སྐོར་ལ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཡོད་པ་རེད།

ཉི་མ་ལྷ་མོས་སྤྲུལ་སྐུ་གྲོངས་པའི་སྔ་གཞུག་ངོ་སྤྲོད་གནང་དོན། “ང་དེ་རིང་འདིར་ཡོང་བ་དེར་དོན་དག་གཉིས་དང་རེ་བ་གཅིག་ཡོད། ཨ་ཞང་(སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་)མ་འདས་པའི་ཉིན་བཅུའི་སྔོན་རྒྱ་ནག་གཞུང་གིས་ངའི་ཨ་མ་དང་ཨ་ནེ་ཐུག་འཕྲད་བྱེད་དུ་ཤོག་ལབ་རེད། ཁོང་གཉིས་ཁྲིན་ཏུའུ་རུ་སླེབས་དུས་ཐུག་བཅུག་ཡོད་པ་མ་རེད། ཉིན་གཅིག་ཨ་མས་ང་ལ་ཁ་པར་སླེབས་ནས་ཨ་ཞང་འདས་ཚར་འདུག་ལབ་སོང་། དེ་ནས་ངས་མི་མང་ལ་སྐུ་ཕུང་ཡར་གདན་འདྲེན་ལ་རོགས་པ་བྱེད་རོགས་ལབ་ནས། མི་སུམ་བརྒྱ་ཙམ་གྱིས་ལི་ཐང་རྫོང་གི་གཞུང་ལ་ཆོག་མཆན་ཞུ་རུ་སོང་ཡིན། སྐབས་དེར་ལི་ཐང་རྫོང་གིས་ཁོང་ཚོར་དབང་ཆ་ཡོད་པ་མ་རེད། དཀར་མཛེས་ཁུལ་ནས་ལྟ་ཡི་ཡོད་པ་རེད། རྫོང་རེ་ནས་མི་བདུན་རེ་འགྲོ་ཆོག་གི་ཡོད་པ་དང་། ལི་ཐང་རྫོང་ནས་མི་དགུ་གཏོང་ཆོག་ཟེར། དེ་ནས་ང་ཚོ་ཁྲིན་ཏུའུ་རུ་འགྲོ་སྐབས་འགྲིམ་འགྲུལ་རླངས་འཁོར་མར་འགྲོ་མཁན་ཚང་མ་བཀག་འདུག ཡིན་ཡང་ཐབས་ཤེས་སྣ་ཚོགས་བྱས་ཏེ་ང་ཚོ་ཁྲིན་ཏུའུ་རུ་སླེབས་པ་དང་། ང་ཚོས་བཙོན་ཁང་སྒོ་ནས་རིན་པོ་ཆེ་བཀྲོངས་པ་རེད་ཅེས་སྐད་འབོད་བྱས་པ་ཡིན་ལ། ཨ་མས་མགོ་རྩིག་པར་བརྡབ་པ་དང་། ང་བཙོན་ཁང་སྒོར་དཔྱངས་པ་ཡིན། སྐབས་དེར་བཙོན་ཁང་སྒོ་སྲུང་དེ་ཚོས་བཀག་སོང་ལ། དེ་ནས་ལྷོད་ལྷོད་བྱས་ནས་སྐད་ཆ་བཤད་ཆོག་རེད་ཅེས་གཞུང་གིས་ཡ་ལན་འདྲ་བྱས་རེད། སྐུ་གདུང་ལ་ཞབས་ཞུ་བྱེད་མཁན་ཚོས་སྐུ་གདུང་གི་སེན་མོ་ནག་པོ་དང་། མཆུ་ནག་པོ་ཆགས་ཡོད་པ་མཐོང་རེད་ལ། ང་རྗེས་སུ་སྐུ་གདུང་མཇལ་དུ་གཏོང་སྐབས་མཆུ་ནག་པོ་ཆགས་ཡོད་པ་མཐོང་སོང་”ཞེས་གསུངས་སོང་།

nyimalhamo_20016_7_27ཁོང་གིས་མུ་མཐུད་རྒྱ་ནག་གཞུང་གིས་སྐུ་ཕུང་གདན་འདྲེན་ཞུ་མ་བཅུག་སྐོར་གསུང་དོན། “སྐུ་གདུང་ཡར་ཕ་ཡུལ་ལ་འཁྱེར་མ་བཅུག་པ་དང་། གཞུང་གིས་བཀྲོངས་པ་མ་རེད། སྨན་ཁང་དུ་བསྟེན་གཏུག་བྱས་སྐོར་ལབ་སོང་། ང་ཚོས་སྨན་ཁང་གང་དུ་བསྟེན་གཏུག་བྱས་པ་དང་། སྐུ་གྲོངས་པའི་སྨན་ཁང་གི་ཡིག་ཆ་དགོས་ཀྱི་ཡོད་སྐོར་བཤད་པ་རེད། དེ་ནས་ཨ་མ་ངེད་གཉིས་ཀྱིས་སྐུ་གདུང་ཡར་འཁྱེར་བཅུག་གི་མི་འདུག་ཅེས་ཁྱབ་བསྒྲགས་བྱས་པར་བརྟེན། མི་གཞན་པ་ཚོ་འཇུ་བཟུང་བྱས་པ་དང་། ཨ་མ་ངེད་གཉིས་ཀ་འཇུས་སོང་། ངེད་གཉིས་ལ་ཁྱེད་གཉིས་ཀ་ཀྲུང་དབྱངས་ཀྱི་བཀའ་དང་འགལ་འདུག་ཅེས་ཡིག་ཆ་ཞིག་གི་ཐོག་ས་རྟགས་རྒྱག་དགོས་ཟེར། ཨ་མས་མོས་ཡི་གེ་ཤེས་ཀྱི་མེད། ཨ་ཞང་གི་གྱོད་དོན་ཐོག་ངས་ས་ཡིག་རྒྱག་མི་ཐུབ། ང་གཅིག་པུའི་བླ་མ་མ་རེད། འཛམ་གླིང་གི་བླ་མ་རེད། མགོ་ལ་མེ་མདའ་བཞག་ནའང་ས་ཡིག་རྒྱག་གི་མིན་ལབ་སོང་།  ཡིག་ཆ་དེའི་ནང་ཁྱེད་གཉིས་ཀྱིས་རིན་པོ་ཆེའི་སེན་མོ་ནག་པོ་ཆགས་ཡོད་སྐོར་སུ་ལའང་ལབ་མི་ཆོག ཕྱིའི་རྒྱལ་ཁབ་ལ་ཁོང་ལ་དུག་སྤྲད་ནས་བཀྲོངས་པ་རེད་ལབ་མི་ཆོག་ལ། ནང་ཁུལ་དུ་ཁྱབ་བསྒྲགས་མི་ཆོག རྒྱ་ནག་ནང་ཞུ་གཏུག་མི་ཆོག་ཅེས་འཁོད་ཡོད་རེད། ངེད་གཉིས་ཀྱིས་ས་ཡིག་མ་བརྒྱབ་ནའང་། ལས་བྱེད་ཅིག་གིས་འགན་ཁོས་ལེན་གྱི་ཡིན་ཞེས་ས་ཡིག་བརྒྱབ་རྗེས། གནས་ཚུལ་ག་རེ་བྱུང་ཡང་ཁོ་ལ་ལབ་དགོས་རེད་ཅེས་ངེད་གཉིས་གློད་གྲོལ་བཏང་རེད་”ཅེས་གསུངས་སོང་།

ཉི་མ་ལྷ་མོས་ཁོང་བཙན་བྱོལ་དུ་ཡོང་དགོས་དོན་སྐོར་གསུང་དོན། “དེ་རིང་ང་འདིར་ཡོང་དོན་དེ་ངའི་ཨ་ཞང་འདས་ཚར་རེད་དེ། ཨ་ཞང་ནང་བཞིན་བོད་ནང་དུ་དེ་འདྲ་མང་པོ་འབྱུང་གི་ཡོད་པ་རེད། ངས་བཟའ་ཚང་ནང་མི་ཚང་མ་བློས་བཏང་ནས་འདིར་སླེབས་པ་རེད། རྒྱལ་སྤྱིའི་ཐོག་ནས་ཨ་ཞང་གྲོངས་རྐྱེན་སྐོར་ལ་ཞིབ་འཇུག་ཡག་པོ་ཞིག་ཡོང་བར་རེ་བ་རྒྱག་གི་ཡོང་ཡིན། རྒྱ་ནག་གཞུང་གིས་ཨ་ཞང་སྐུ་གྲོངས་རྗེས་ཁོང་བླ་མ་རྫུན་མ་ཡིན་པ་དང་། ཁོང་གི་སྐུ་པར་སྒྲིག་གཤོམ་མི་ཆོག། མི་མང་ལ་སྡུག་བསྔལ་སྤྲད་མི་ཆོག ཁོང་བཀྲོངས་པ་རེད་ཅེས་བཤད་མི་ཆོག་ཅེས་ཡིག་ཆ་བཀྲམ་པ་རེད་”ཅེས་དང་། ཁོང་གིས་མ་འོངས་པར་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་པཎ་ཆེན་རིན་པོ་ཆེ་ནང་བཞིན་དཀའ་ངལ་འཕྲད་རྒྱུ་ཡིན་པར་མི་མང་གིས་སེམས་ཁྲེལ་བྱེད་ཀྱི་ཡོད་སྐོར་དང་། ཁོང་གི་སྔ་ཕྱི་བར་གསུམ་དུ་སྤྲུལ་སྐུ་རྒྱ་ནག་གིས་བཀྲོངས་པ་ཡིན་པ་ཁྱབ་བསྒྲགས་བྱས་སྐོར་ངོ་སྤྲོད་གནང་སོང་།

ཉི་མ་ལྷ་མོ་དང་ཁོང་གི་ཨ་མ་གཉིས་སྤྲུལ་སྐུ་རྒྱ་ནག་གིས་འཇུ་བཟུང་རྗེས་གནས་ཚུལ་ཁྱབ་བསྒྲགས་དང་རྒྱ་ནག་ལ་ངོ་རྒོལ་ཞུ་གཏུག་བྱེད་མཁན་གཙོ་བོ་ཡིན་པ་དང་། ཁོང་གཉིས་ལ་ཕྱི་ཕྱོགས་སུ་གནས་ཚུལ་བཀྲམ་པའི་ནག་ཉེས་བཙུགས་ཏེ། རྒྱ་ནག་གཞུང་གིས་འཇུ་བཟུང་བཀག་ཉར་ཡང་བྱེད་མྱོང་ཡོད་པ་རེད། ཉེ་ཆར་ཁོང་གསང་བའི་ཐོག་ནས་རྒྱ་གར་དུ་སྐྱབས་བཅོལ་ལ་སླེབས་ཡོད་པ་རེད།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་སྤུན་མཆེད་དགེ་བཤེས་བློ་བཟང་ཡོན་ཏན་གྱིས་ཁོང་བཀྲོངས་རྐྱེན་དེ་ཞུ་གཏུག་ཞིབ་འཇུག་མཐར་ཕྱིན་པ་ཡོང་རྒྱུར་འབད་བརྩོན་བྱེད་རྒྱུ་ཡིན་སྐོར་དང་། སྔོན་མ་རྒྱ་ནག་གི་བཙན་གནོན་འོག་པཎ་ཆེན་རིན་པོ་ཆེ་དང་། མཁན་པོ་འཇིགས་མེད་ཕུན་ཚོགས་སོགས་དེ་ལྟར་གྲོངས་སྐོར། མ་འོངས་པར་ཡང་དེའི་རིགས་ལ་ཉེན་ཁ་ཡོད་པས། རྒྱལ་སྤྱིའི་ཐོག་སྤྲུལ་སྐུ་དཔེ་མཚོན་དུ་བཞག་ནས་ལས་འགུལ་སྤེལ་ཐབས་ལ་འབད་བརྩོན་བྱེད་རྒྱུ་ཡིན་སྐོར་གསུངས་སོང་ལ། སྤྲུལ་བསྟན་བསྟན་འཛིན་ལེགས་ལ་སྐུ་གདུང་མཆོད་རྟེན་ཞིག་མི་མང་གིས་བཞེངས་འཆར་ཡོད་པ་ཡང་རྒྱ་ནག་གཞུང་གིས་བཀག་འགོག་བྱས་སྐོར་གསུངས་སོང་།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ནི་༢༠༠༢ ལོའི་ཕྱི་ཟླ་༡༡ ཚེས་༢༩ ཉིན་རྒྱ་ནག་གཞུང་གིས་ཁྲེན་ཏུའུ་གྲོང་ཁྱེར་དུ་འབར་རྫས་སྦར་བའི་ཉེས་མིང་འོག་བཙོན་འཇུག་བྱས་པ་དང་། རྗེས་སུ་ཁྲིམས་ཐོག་ཏུ་ཞུ་གཏུག་དང་། མི་མང་གིས་ཁོང་ལ་མ་ཉེས་ཁག་གཡོག་བྱས་ཡོད་པའི་ངོ་རྒོལ་ཐེངས་མང་བྱས་ཡོད་ནའང་། དམིགས་བསལ་ནག་ཉེས་ར་ཕྲོད་ཀྱི་དཔང་རྟགས་གང་ཡང་མེད་པར། ཁོང་བཙོན་འཇུག་བྱས་ཏེ་༢༠༡༥ ལོའི་ཕྱི་ཟླ་༧ ཚེས་༡༢ དགོང་མོར་སྐུ་གྲོངས་པའི་གནས་ཚུལ་བྱུང་ཡོད་པ་རེད། སྤྲུལ་སྐུ་ཁོང་ནི་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་སོགས་ཀྱི་ཐོག་བཀའ་སློབ་ལམ་སྟོན་རིམ་པར་གནང་སྟེ་མི་མང་ལ་ཕན་འབྲས་ཆེན་པོ་བྱུང་ཡོད་པ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་སླད་དགོན་པ་དང་སློབ་གྲྭ་གསར་བཞེངས་སོགས་ཀྱི་ཕྱག་ལས་མང་པོ་གནང་མཁན་ཞིག་ཡིན་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།