སྤྲུལ་སྐུ་རྫུན་མ་དང་ལོ་རྒྱུས་རྫུན་བཟོ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༣༩ ཕྱི་ལོ་ ༢༠༢༠/༠༢/༠༣

ཁ་སང་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་རྒྱ་མི་ཞིག་གིས་རང་ཉིད་བོད་ཀྱི་སྤྲུལ་སྐུ་ཡིན་པ་རྫུན་བཟོ་བྱས་ཤིང་། མིང་དང་ཐོབ་ཐང་བཅས་རྫུན་བཟོ་བྱས་ནས་གཞན་ལ་མགོ་སྐོར་བཏང་ཚུལ་སོགས་ཀྱིས་མི་ལོ་༢༥ ཁྲིམས་ཐག་བཅད་ཡོད་ཅེས་བསྒྲགས་འདུག དོན་དངོས་སུ་གནད་དོན་དེ་བདེན་པ་ཡིན་མིན་དང་། དེའི་རྒྱབ་ཏུ་རྒྱ་གཞུང་གི་ཆབ་སྲིད་ཀྱི་འཁྲབ་སྟོན་ག་འདྲ་ཞིག་ཡོད་མེད་ཐག་བཅད་ནས་བཤད་དཀའ་ནའང་། གནས་ཚུལ་འདི་ལྟ་བུ་རེ་སླེབས་ཡོང་སྐབས་བོད་པའི་ངོས་ནས་ཀྱང་སྤྲུལ་སྐུའི་ལམ་ལུགས་ཀྱི་ཐོག་ལ་ཕྱོགས་ཡོངས་ནས་བསྐྱར་ཞིབ་ཅིག་བྱེད་དགོས་པ་ལྟ་བུར་གྱུར་ཡོད། རྒྱ་དམར་གཞུང་གི་ངོས་ནས་<<བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱ་ཐབས་>>ཟེར་བ་གཏན་འབེབས་ཀྱིས། བོད་ཀྱི་ཐུན་མོང་མ་ཡིན་པའི་ཡང་སྲིད་ངོས་འཛིན་བྱེད་སྟངས་ཀྱི་ལམ་ལུགས་དེ་ཉིད་རྒྱ་དམར་གཞུང་གི་དོ་དམ་འོག་བཙན་གྱིས་བཅུག་ཡོད་པ་དང་། ད་བར་ཡིག་ཆ་དེའི་འོག་ནས་ངོས་ལེན་བྱས་པའི་བླ་སྤྲུལ་གྲངས་༡༣༠༠ ལྷག་ཙམ་དྲ་ཐོག་ནས་འཚོལ་བཤེར་ཐུབ་པ་བཟོས་ཡོད་འདུག

རྒྱ་དམར་གཞུང་གི་ཆབ་སྲིད་ཀྱི་དགོས་མཁོའི་དབང་གིས་བོད་ཡུལ་ཡོངས་རྫོགས་བཙན་གནོན་འོག་འཇུག་རྒྱུ་དེ་དམིགས་ཡུལ་གཙོ་བོ་ཡིན་པ་དང་། བོད་པའི་སྤྱི་ཚོགས་ནང་ཤུགས་རྐྱེན་ཆེ་བའི་བླ་སྤྲུལ་རྣམས་ལ་སྟངས་འཛིན་དོ་དམ་ནན་པོ་ཞིག་བྱེད་མ་ཐུབ་ན་བོད་པ་དབང་བསྒྱུར་མུ་མཐུད་བྱེད་མི་ཐུབ་པར་ངོས་འཛིན་བྱེད་བཞིན་ཡོད་ལ། ༧གོང་ས་མཆོག་གི་སྐུའི་ཡང་སྲིད་དང་འབྲེལ་བའི་སྐོར་ནས་ཨ་རིའི་གཞུང་གིས་གཙོས་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་མང་པོ་ཞིག་ནས། བོད་པའི་སྲོལ་རྒྱུན་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་གསལ་པོ་བསྟན་པ་ནི་བཟང་ཕྱོགས་ཀྱི་གནས་ཚུལ་རེད། འདི་ནི་བོད་ཀྱི་ལོ་རྒྱུས་དང་། བོད་ཀྱི་རིག་གནས། བོད་པའི་སྤྱི་ཚོགས་བཅས་དང་འབྲེལ་བ་ཡོད་པའི་གནས་ཚུལ་གལ་ཆེན་ཞིག་ཡིན་པ་མ་ཟད། བོད་ཀྱི་ཐུན་མོང་མ་ཡིན་པའི་རིན་ཐང་ལྟ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད་པས། རྒྱལ་སྤྱིའི་རྒྱབ་སྐྱོར་གྱི་ཐོག་ནས་རྒྱ་དམར་གཞུང་གིས་ལག་པ་འཆང་རྒྱུར་ཕྱོགས་ཡོངས་ནས་སྟབས་མི་བདེ་བ་བཟོ་དགོས་པ་དེ་གལ་ཆེ་ཤོས་རེད།

ད་དུང་བོད་པ་རང་ངོས་ནས་རྒྱུ་ནོར་གྱི་དགོས་མཁོ་ཉི་ཚེ་བ་ཙམ་དང་། རང་ཉིད་ཀྱི་གཉེན་དང་འབྲེལ་ཡོད་སོགས་ཀྱི་ཐོབ་ཐང་དང་གོ་ས་ཙམ་ལ་བསམ་བློ་བཏང་ནས་སྤྲུལ་སྐུ་རྫུན་མ་བཟོ་མཁན་མང་པོ་ཡོད་ལ། གནད་དོན་འདིའི་ཐོག་ནས་རང་ཉིད་ལ་སྤྲུལ་སྐུའི་མིང་རྩོད་ལེན་བྱེད་མཁན་དག་ལ་ནོར་འཁྲུལ་ཡོད་པ་སྨྲོས་མི་དགོས་ནའང་། དེ་དག་གིས་གང་ཞུས་པ་དང་གང་འཁྲབ་པར་ཐུགས་སྣང་ཞིབ་འཇུག་མ་གནང་བར་ངོས་འཛིན་ནམ་རྒྱབ་གཉེར་གནང་རྐྱང་གནང་མཁན་གྱི་བླ་སྤྲུལ་ཆེ་ཁག་དང་། དེའི་ཉེ་གནས་པ་དག་ལ་དེ་བས་ཀྱང་ནོར་འཁྲུལ་ཚབས་ཆེན་ཡོད། དེ་ཡང་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང་། མཐར་གཏུག་ན་དགའ་ལྡན་ཕོ་བྲང་གི་འབྲེལ་ཡོད་རྣམ་པའི་ངོས་ནས་ཀྱང་བརྟག་དཔྱད་གཏིང་ཟབ་གནང་མ་ཐུབ་པར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཐོག་ནས་བཀའ་ཡིག་གནང་སྲོལ་ཡོད་པ་ནི་ཉེན་ཁ་ཆེ་ཤོས་སུ་གྱུར་ཡོད་པ་མ་ཟད། འདི་ལ་བརྟེན་ནས་མ་འོངས་པར་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་རྣམས་ཀྱི་མཚན་མཐོང་ལ་གནོད་སྐྱོན་ཆེ་ཤོས་སུ་གྱུར་ཡོད་སྙམ།

སྤྱིར་བོད་ཕྱི་ནང་གཉིས་སུ་བླ་སྤྲུལ་རྣམས་ལ་མཚན་སྨོད་ཞུ་མཁན་མང་པོ་ཡོད་པ་དང་། མ་འགྲིག་མ་འཐུས་པ་ཚང་མ་བླ་སྤྲུལ་དག་གི་དབུ་ལ་གཡོགས་ཐབས་བྱེད་མཁན་ཡང་མི་ཉུང་བ་ཞིག་ཡོད། འོན་ཀྱང་དེ་དག་གི་ནང་དུའང་རང་ཉིད་དང་འབྲེལ་བ་དམ་པོ་ཆགས་ཡོང་བའི་སྐབས་སུ་བླ་སྤྲུལ་རྩད་གཅོད་དང་ངོས་འཛིན། ཐ་ན་རྫུན་བཟོ་བྱེད་དགོས་ཀྱང་ཐབས་ཤེས་སྣ་ཚོགས་ལུ་གུ་རྒྱུད་དུ་བྱེད་མཁན་མང་པོ་ཞིག་བོད་པའི་སྤྱི་ཚོགས་ནང་མཐོང་རྒྱུ་འདུག ད་ལྟའི་ཆར་བླ་སྤྲུལ་ངོས་འཛིན་བྱེད་སྟངས་ལ་བརྟེན་ནས་སྤྱི་ཚོགས་ནང་རྩོད་རྙོག་ཆེ་ཆུང་མང་པོ་ཡོད་ལ། དཔེར་ན་ཆོས་བརྒྱུད་ནང་ཁུལ་དང་། དགོན་སྡེ་ནང་ཁུལ་སོགས་འགལ་ཟླ་ཆེ་ཆུང་དུ་མ་ཞིག་ཡོད་པ་ནི། ཡང་སྲིད་ངོས་འཛིན་རྩད་གཅོད་སྐབས་ཕྱོགས་ཡོངས་ནས་ཞིབ་ཚགས་དང་འཐུས་ཚང་ཞིག་མ་བྱུང་བས་རེད། ད་ལྟའི་ཆར་བོད་པ་ཙམ་དུ་མ་ཟད་རྒྱ་ནག་གིས་གཙོས་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ཅིག་ཏུའང་བོད་པའི་སྤྲུལ་སྐུའི་མིང་རག་ཐབས་བྱེད་མཁན་མང་པོ་ཡོང་གི་ཡོད་པ་འདིར་ཡང་ཁེ་ཉེན་གཉིས་ཀ་ཡོད་པ་གསལ་པོར་གྱུར་ཡོད།

མདོར་ན་བླ་ཆེན་ཁག་གི་ཉེ་གནས་རྣམ་པས་བརྟག་དཔྱད་དང་ཐུགས་ཞིབ་ཡག་པོ་གནང་མ་ཐུབ་པར་བརྟེན། བླ་མ་གཅིག་གི་ཡང་སྲིད་ཀྱི་མཚན་དེ་མི་ཁ་ཤས་ལ་གནང་བ་དང་། མི་རེ་ཟུང་ལ་བླ་སྤྲུལ་མང་པོའི་མཚན་བཏགས་པ་སོགས་ཀྱང་ཡོང་གི་ཡོད། དེ་དག་ཀྱང་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་བཅས་སུ་ངོས་འཛིན་གནང་སྲོལ་ཡོད་པ་ལྟར་མ་ཡིན་པར། སྔ་མ་སྔ་མ་དག་ལ་མཚན་དེ་བཏགས་ཡོད་མེད་ཐད་ཞིབ་འཇུག་བརྟག་དཔྱད་མ་གནང་བས་བྱུང་ཡོད་པ་དང་། ད་དུང་བླ་མ་གཅིག་བཞུགས་བཞིན་དུ་ཡང་སྲིད་གཞན་པ་ཞིག་ངོས་འཛིན་གནང་བའང་བྱུང་ཡོད་ལ། དེ་ཡང་མ་འདས་སྤྲུལ་སྐུའི་ལམ་ལུགས་ལྟར་མ་ཡིན་པར་བླ་མ་གཅིག་ཞལ་བཞུགས་ཡོད་ཀྱང་། ཞུ་མཁན་དག་གིས་རྫུན་ཞུས་བྱས་པ་ལ་བརྟེན་ནས་གྲོངས་སོང་ཤག་བྱས་པའི་ལོ་རྒྱུས་ཀྱང་ཡོད་པ་ལྟ་བུའི་གནས་ཚུལ་མང་པོ་ཡོད། དེར་བརྟེན་མ་འོངས་པར་བོད་པ་རང་ངོས་དང་། ལྷག་པར་དུ་བླ་ཆེན་རྣམས་ཀྱིས་གནད་དོན་འདིའི་ཐོག་ཧ་ཅང་གིས་དོ་དམ་དང་བརྟག་དཔྱད་གཏིང་ཟབ་ཅིག་གནང་དགོས་པ་ནི་གལ་ཆེ་ཤོས་སུ་གྱུར་ཡོད་སྙམ།།