སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེའི་ཞལ་རས་གཅིག་པུ་མཇལ་ཙམ་ལས་སྐུ་ཕུང་ཆ་ཚང་མཇལ་བཅུག་ཡོད་མི་འདུག

ཕྱི་ཟླ་༤ ཚེས་༡༤ ཉིན་བོད་ཀྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཚེས་ ༡༠ ཉིན་གྱི་ཕྱི་དྲོར་ལུང་སྔོན་དགོན་པའི་སྐུ་ཚབ་དགེ་འདུན་པ་ལྔ་ལ་ཝེ་ཐི་ནམ་རྒྱལ་སྤྱིའི་སྨན་ཁང་(Vinmec Central Park International Hospital )དུ། མཆོག་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེའི་ཞལ་རས་སྐར་མ་གཉིས་གསུམ་རེ་མཇལ་བཅུག་ཡོད་འདུག་ཀྱང་། དགོན་པ་དང་ནང་མིར་སྐུ་ཕུང་རྩིས་སྤྲད་མེད་པ་མ་ཟད། སྐུ་ཕུང་ཆ་ཚང་ཡང་མཇལ་བཅུག་མེད་པར་བརྗོད་འདུག་ལ། དེ་བཞིན་ལུང་སྔོན་དགོན་པར་མཆོད་འབུལ་སྨོན་ལམ་དང་འདུ་འཛོམས་རིགས་བྱེད་པར་དམ་དྲག་ཤུགས་ཆེན་བྱེད་མུས་ཡིན་པ་བོད་ནང་གི་བོད་མི་ཞིག་གིས་དེ་གའི་གསར་ཁང་དུ་གནས་ཚུལ་མཁོ་སྤྲོད་བྱས་ཡོད་པར་བརྗོད་འདུག
གཞན་ཡང་གནད་དོན་དེའི་ཐད་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས་ནས། ཕྱི་ཚེས་ ༡༠ ཉིན་ཝི་ཐི་ནམ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་གི་མི་སྣ་དང་ལུང་སྔོན་དགོན་པའི་གྲྭ་བ་ལྔ་སོགས་ལ་མི་གསུམ་རེ་གསུམ་རེ་བྱས་ནས་སྐར་མ་གཉིས་གསུམ་ཙམ་ལ་རིན་པོ་ཆེ་མཆོག་གི་ཞལ་རས་བསྟན་ཡོད་ཀྱང་། དེའི་རྗེས་ནས་འབྲེལ་ཡོད་སོགས་དང་འབྲེལ་ལམ་ཆད་དེ་ད་ལྟའི་གནས་སྟངས་ཐད་གསལ་ཁ་གང་ཡང་མེད་སྐོར་བོད་ཀྱི་དུས་བབ་གསར་ཁང་ལ་འགྲེལ་བརྗོད་གནང་འདུག མཆོག་སྤྲུལ་ཁོང་ཕྱི་ལོ་༢༠༢༤ ཟླ་བ་༨ པའི་ཟླ་འགོ་ཙམ་ལ་གར་སོང་ཆ་མེད་དུ་གྱུར་ཡོད་ཅིང་། དེ་ནས་བཟུང་ཟླ་བ་༨ བརྒྱད་ཙམ་གྱི་རྗེས་ཏེ། ཟླ་འདིའི་ཕྱི་ཚེས་༢ ཉིན་རྒྱ་ནག་གཞུང་གིས་ཁོང་སྐུ་གྲོངས་ཡོད་པར་བརྗོད་པ་ཙམ་ལས་སྐུ་ཕུང་རྩིས་སྤྲོད་བྱས་མེད་པ་མ་ཟད། ཕྱི་ཚེས་༡༠ བར་ཞལ་རས་ཙམ་ཡང་མཇལ་བཅུག་མེད་པར་བརྟེན། བོད་མིའི་སྒྲིག་འཛུགས་དབུས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་བཅས་ཀྱིས་གསར་འགོད་གསལ་བསྒྲགས་དང་། ལྡི་ལི་སོགས་རྒྱ་མིའི་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ། དེ་བཞིན་ཝེ་ཐེ་ནམ་གཞུང་གིས་འགན་ཁུར་ཏེ་སྐུ་ཕུང་མཇལ་རྒྱུ་དང་། སྐུ་གྲོངས་རྐྱེན་སོགས་ཞིབ་འཇུག་བྱེད་དགོས་པ་ཝེ་ཐེ་ནམ་གཞུང་ཚབ་ཁང་གི་མདུན་དུ་ཞི་འབོད་དང་ཞུ་གཏུག་སོགས་ཀྱི་ལས་འགུལ་སྤེལ་དང་སྤེལ་མུས་ཡིན་པ་རེད། སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གིས་བོད་ནང་དུ་སློབ་གྲྭ་ཁག་དང་བཤད་གྲྭ། ལག་རྩལ་དང་རིག་གནས་རྒྱུན་འཛིན་གྱི་ལྟེ་གནས་གཞན་སོགས་མང་པོ་ཞིག་བཙུགས་ཏེ། ཁོང་ནི་བོད་ཀྱི་བྱིས་པ་སྟོང་ཕྲག་མང་པོར་རིན་མེད་ཐོག་ཤེས་ཡོན་གྱི་གོ་སྐབས་སྩོལ་མཁན་ཞིག་གམ། བོད་ཀྱི་ཆོས་དང་རིག་གཞུང་ཐད་མཛད་རྗེས་ཤིན་ཏུ་ཆེ་བའི་རླབས་ཆེན་གྱི་སྐྱེས་བུ་ཞིག་ཡིན་པར་བརྟེན། ནམ་རྒྱུན་རྒྱ་གཞུང་གིས་ཁོང་ལ་ཆབ་སྲིད་དང་འབྲེལ་བའི་སྐྱོན་འཛུགས་འདྲ་མིན་གྱིས་སྐུ་ངལ་སྤྲོད་ཀྱི་ཡོད་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།