སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་དགོངས་སེལ་བཟོད་གསོལ་ཞུས་འདུག

སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ནས་ཉེ་སྔོན་བཤད་པའི་སྐད་ཆ་དག་ཆ་ཚང་ཕྱིར་འཐེན་གཙང་མ་ཞུ་རྒྱུ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྙིང་ཐག་པ་ནས་དགོངས་སེལ་བཟོད་གསོལ་ཞུ་བ་དང་སྦྲགས་སྐུ་ཚེ་བསྐལ་པ་རྒྱ་མཚོར་བརྟན་པའི་གསོལ་འདེབས་ཤུགས་དྲག་ཞུ་རྒྱུ་ཡིན། བདག་གི་རྡོ་རྗེ་སློབ་དཔོན་བཀའ་དྲིན་ཅན་དེ་དག་གི་བཀའ་ལ་བརྟེན་ནས། སླད་ཕྱིན་གང་ཟག་སུ་ཡིན་ཡང་དྲ་ལམ་ནས་གསང་སྔགས་ཀྱི་བཀའ་དབང་ཟབ་མོ་དག་གནང་ན་གུས་པ་རང་ངོས་ནས་དགག་བྱ་གང་ཡང་ཞུ་རྒྱུ་མིན་ཞེས་ཞུས་འདུག

དེ་ཡང་ཟླ་༥ པའི་ཚེས་༣༠ ཉིན་སྤྲུལ་སྐུ་ཨོ་རྒྱན་ནས་དགའ་ལྡན་ཕོ་བྲང་བརྒྱུད་༧གོང་ས་མཆོག་ལ་ཕུལ་བའི་ཕྱག་བྲིས་ནང་།

༄༅།། མཚུངས་མེད་དཔལ་ལྡན་དགའ་ལྡན་ཕོ་བྲང་པ་ཆེན་པོའི་ཡིག་ཚང་བརྒྱུད་འདི་ཕྱི་གཉིས་ཀྱི་སྐྱབས་གནས་སྤྱི་ནོར་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་ཞབས་པད་གསེར་གྱི་པདྨ་མངོན་པར་བཞད་པའི་ཉེ་དྲུང་དུ།

གུས་ཆུང་ཨོ་རྒྱན་སྟོབས་རྒྱལ་གྱིས་སོར་བཅུའི་པདྨོ་སྤྱི་བོར་བཀོད་ནས་ཆེད་དུ་གསོལ་བ་འདེབས་སྙིང་། དེ་རིང་ཕྱི་ཟླ་ ༥ ཚེས་༣༠ ཉིན་དཔལ་ས་སྐྱའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་དབུས་ས་སྐྱ་ཆོས་སྒར་འདུས་སྤྱི་ནས་གསལ་བསྒྲགས་ཤིག་སྤེལ་འདུག་པ་དང་། དེའི་ནང་དུ་གུས་པའི་ཉེ་ཆར་དྲ་ལམ་ནས་དབང་བསྐུར་ན་འགྲིག་མིན་ལས་འཕྲོས་ཏེ་བཤད་པའི་སྐད་ཆ་དེ་ལ་བཀའ་བཀྱོན་དྲག་པོ་ཕེབས་འདུག སྤྱིར་གུས་པས་ཉེ་ཆར་གནད་དོན་དེའི་སྐོར་གླེང་སློང་བྱེད་དགོས་དོན་ནི་རང་ངོས་ནས་གསང་ཆེན་སྔགས་ཀྱི་རྒྱུད་སྡེ་ཁག་ལ་སྦྱང་བརྩོན་མི་དམན་ཙམ་བྱེད་མྱོང་བས། འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པའི་བསྟན་པ་རིན་པོ་ཆེ་ཡུན་དུ་གནས་ཐབས་ཁོ་ནའི་ཆེད་དུ་དམིགས་པ་ལས་རྒྱུ་མཚན་གཞན་གང་ཡང་མེད་ཀྱང་། དེ་རིང་ས་སྐྱ་ཆོས་སྒར་གྱི་ཕྱག་ཡིག་དེ་མཇལ་སོང་བ་མ་ཟད། བདག་གི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་༧སྐྱབས་རྗེ་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་རིན་པོ་ཆེ་མཆོག་གིས་ཞལ་པར་བརྒྱུད་ས་སྐྱ་ཆོས་སྒར་གྱི་ཕྱག་ཡིག་དེ་མཇལ་ཡོད་མེད་འདྲི་རྩད་དང་འབྲེལ། ཡི་གེ་དེ་༧ས་སྐྱ་བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་ཞལ་སྔ་ནས་དང་། ༧སྐྱབས་རྗེ་བདག་ཁྲི་རིན་པོ་ཆེ་རྣམ་པ་གཉིས་ཀྱི་བཀའ་དགོངས་ཡིན་ངེས་ལ་བརྟེན། ཉེ་ཆར་ཁྱེད་ཀྱིས་དྲ་ལམ་ནས་བཀའ་དབང་གནང་ན་འགྲིག་མིན་དང་འབྲེལ་བའི་སྐད་ཆ་དག་ཕྱིར་འཐེན་གནང་དགོས་པའི་བཀའ་ཕེབས་སོང་། ༧ས་སྐྱ་བདག་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༧ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག ༧སྐྱབས་རྗེ་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་བཅས་ཀྱི་མདུན་ནས་གསང་སྔགས་རྡོ་རྗེ་ཐེག་པའི་བཀའ་དབང་ཟབ་མོ་མང་དག་ཅིག་ཞུ་མྱོང་བའི་རྡོ་རྗེ་སློབ་དཔོན་ཡིན་པ་དང་། སྲོག་ལ་བབ་ཀྱང་རྡོ་རྗེ་སློབ་དཔོན་གྱི་བཀའ་བསྒྲུབ་རྒྱུ་ལས་གལ་ཆེ་བ་ཞིག་གཏན་ནས་མེད་སྟབས། གུས་པས་ཉེ་སྔོན་བཤད་པའི་སྐད་ཆ་དག་ཆ་ཚང་ཕྱིར་འཐེན་གཙང་མ་ཞུ་རྒྱུ་དང་། བོད་ཀྱི་ལྷ་སྐལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྙིང་ཐག་པ་ནས་དགོངས་སེལ་བཟོད་གསོལ་ཞུ་བ་དང་སྦྲགས་སྐུ་ཚེ་བསྐལ་པ་རྒྱ་མཚོར་བརྟན་པའི་གསོལ་འདེབས་ཤུགས་དྲག་ཞུ་རྒྱུ་ཡིན། བདག་གི་རྡོ་རྗེ་སློབ་དཔོན་བཀའ་དྲིན་ཅན་དེ་དག་གི་བཀའ་ལ་བརྟེན་ནས། སླད་ཕྱིན་གང་ཟག་སུ་ཡིན་ཡང་དྲ་ལམ་ནས་གསང་སྔགས་ཀྱི་བཀའ་དབང་ཟབ་མོ་དག་གནང་ན་གུས་པ་རང་ངོས་ནས་དགག་བྱ་གང་ཡང་ཞུ་རྒྱུ་མིན་པས། བརྩེ་ཆེན་ཡེ་ཤེས་ཀྱི་གཟིགས་པ་ཆེན་པོས་དུས་ནམ་ཡང་མི་འདོར་བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་བཅས་ཞེས་འཁོད་འདུག ཕྱག་བྲིས་དེའི་ངོ་བཤུས་ཤིག་བཀའ་ཤག་ལ་ཕུལ་ཡོད་འདུག

དེ་ཡང་ཟླ་༥ པའི་ཚེས་༣༠ ཉིན་༧དཔལ་ས་སྐྱའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་དབུས་ས་སྐྱ་ཆོས་སྒར་འདུས་སྤྱི་ནས་སྤེལ་བའི་གསལ་བསྒྲགས་ནང་། དེང་འཛམ་གླིང་འགྲོ་བ་སྤྱིའི་ལུས་ལ་ན་ཚ་དང་། སེམས་ལ་ཞེད་སྣང་དངངས་སྐྲག་གིས་འཇིག་རྟེན་ཀུན་འདར་བཞིན་པའི་དུས་ཚོད་གཉན་འཕྲང་འདི་ལྟ་བུ་ཞིག་ལ་༧གོང་ས་ལྷ་མིའི་རྣམ་འདྲེན། ྋསྐྱབས་མགོན་ ྋརྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་ཚད་མེད་ཐུགས་རྗེའི་བདག་རྐྱེན་དང་། འཛམ་གླིང་ཤར་ནུབ་ཡུལ་གྲུ་ཁག་གི་དད་ལྡན་བྱེ་བ་མང་པོས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་འཕགས་མཆོག་སྤྱན་རས་གཟིགས་ཀྱི་བཀའ་དབང་རིན་པོ་ཆེ་སྐུ་དྲིན་བླ་ན་མེད་པ་བསྐྱང་གཏན་འཁེལ་བའི་སྐབས་ཀྱི་བརྒྱུད་རིམ་འདི་ལ་མཚོན་ན་འཛམ་གླིང་སྐྱེ་འགྲོ་སྤྱི་པའི་སྐོམ་པ་ཆུ་འདོད་ལྟ་བུའི་གསོལ་བ་ཕུར་ཚུགས་སུ་བཏབ་པ་དང་གཅིག བརྡ་འཕྲིན་བཀོལ་སྤྱོད་དུས་སུ་བབ་པ་དང་གཉིས། བཀག་རྒྱའི་ཁྲིམས་སྲོལ་ལག་བསྟར་བྱེད་དགོས་པའི་དུས་ཚོད་དང་གསུམ་སྟེ། ཡུལ་དུས་གནས་སྐབས་གང་ལ་བསམས་ཀྱང་འགྲོ་ལ་བདེ་སྐྱིད་འབྱུང་བའི་སྒོ་གཅིག་པུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་ཚོགས་དྲ་ལམ་བརྒྱུད་མཛད་པ་བསྐྱངས་དང་སྐྱོང་བཞིན་པ་འདི་ནི་སྔ་མ་དྲགས་ཕྱིས་མ་དྲགས་པའི་དུས་ཐོག་གི་ཆར་པ་ཡིན་པ་ལ། ཉོན་མོངས་པའི་གཞན་དབང་དུ་གྱུར་པའི་གང་ཟག་འགའ་རེས་སྒྲོ་སྐུར་སྐྱོན་བརྗོད་ཞུས་པ་ཚང་མས་མཁྱེན་གསལ་ལྟར། འདི་ནི་ཆོས་དང་འཇིག་རྟེན་གང་ལ་བསམས་ཀྱང་དུས་ནམ་ཡང་བརྗེད་ཐབས་མེད་པ་ཞིག་དང་སེམས་ཕམ་ཚད་མེད་དགོས་པའི་གནས་ཚུལ་ཡིན་པ་དངོས་པོའི་ཆོས་ཉིད་ཀྱི་སྟེང་ནས་ར་སྤྲོད་ཐུབ་ངེས་ཡིན་པར་གོར་མ་ཆག་ཞུ་རྒྱུ་དང་། ལྷག་པར་དུ་རྒྱལ་བསྟན་ཡོངས་སུ་རྫོགས་པའི་བསྟན་པའི་བདག་པོར་བཞུགས་བཞིན་པའི་མགོན་པོ་གང་ལ་དེ་ལྟར་སྨྲ་བར་སྤོབས་པ་ནི་བློའི་ཡུལ་ལས་འདས་པ་ཞིག་ཡིན། མཐའ་དོན། ༧གོང་ས་ལྷ་མིའི་རྣམ་འདྲེན་ྋསྐྱབས་མགོན་ྋརྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་འཛམ་གླིང་སྤྱི་དང་སྒོས་སུ་ངེད་ཁ་བ་ཅན་པའི་འཕྲལ་ཕུགས་རྒྱང་གསུམ་གྱི་ལམ་སྟོན་སྲིད་པའི་སྒྲོན་མེ་ཆེན་པོར་ཞབས་པད་བསྐལ་པ་རྒྱ་མཚོར་འཚོ་ཞིང་གཞེས་པ་ནས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་བའི་གསོལ་འདེབས་སྙིང་གི་དཀྱིལ། རུས་པའི་གཏིང་། རྐང་གི་ཁོངས་ནས་རྩེ་གཅིག་ཏུ་འདེབས་པ་ལགས་ཞེས་འཁོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།